ཨ་རུ་ན་ཅལ་གྱི་གཙང་པོ་ནག་པོ་གྱུར་པའི་དོན་རྐྱེན་རྒྱ་ནག་ལ་ཐུག་ཡོད་ཟེར།

རྒྱ་གར་དབུས་གཞུང་ཆུའི་ལྷན་ཁང་གིས་ཨ་རུ་ན་ཅལ་གྱི་གཙང་པོ་སི་ཡེང་ཉོག་སྟེ་ནག་པོ་ཆགས་དགོས་པའི་གནད་དོན་གཙོ་བོ་རྒྱ་ནག་ལ་ཐུག་ཡོད་པའི་དོག་པ་བྱེད་བཞིན་ཡོད་སྐོར་སི་ཡེང་རྫོང་གི་རྫོང་དཔོན་གཞོན་པས་བརྗོད་འདུག

ཟླ་༡༡ པའི་ཕྱི་ཚེས་༢༩ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དུས་རབས་མང་པོའི་རིང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྲོག་ཐག་ལྟ་བུར་གྱུར་པའི་དྭངས་གཙང་གི་གཙང་པོ་སི་ཡེང་(Siang)གློ་བུར་འདམ་ཉོག་ཏུ་གྱུར་ནས་ནག་པོ་ཆགས་ཏེ། མངའ་སྡེ་དེར་འཇིགས་དངངས་སློང་བཞིན་ཡོད་འདུག

དེ་ཡང་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་ཀྱི་རྫོང་སི་ཡེང་གི་གཞུང་འཛིན་པ་ཚོས་གཙང་པོའི་ནང་ནས་སྙིགས་རོ་འབོར་ཆེན་པོ་ཐོན་གྱི་ཡོད་སྟབས། གཙང་ཆུ་ཟད་གྲོན་དུ་བེད་སྤྱོད་མི་རུང་བ་ཆགས་ཟིན་པའི་ཉེན་བརྡ་བཏང་ཡོད་པ་དང་། དེ་བཞིན་རྫོང་དེའི་རྫོང་དཔོན་གཞོན་པ་ཊོམ་ཡོ་ཊ་ཊག་གིས་“ཆུའི་ནང་ཨར་འདམ་ལྟ་བུའི་དངོས་པོ་མཐུག་པོ་རྣམས་ཀྱིས་ཁེངས་ནས། བེད་སྤྱོད་གང་ཡང་གཏོང་མི་རུང་བ་ཆགས་འདུག འདས་པའི་ཟླ་ངོ་གཅིག་དང་ཕྱེད་ལྷག་རིང་ཉ་འབོར་ཆེན་ཤི་སོང་”ཞེས་དང་། དེ་བཞིན་ཁོང་གིས་“འདས་མ་ཐག་པའི་ཆར་དུས་ཀྱི་སྐབས་སུ་གཙང་ཆུ་ནག་པོ་གྱུར་དུས་ང་ཚོས་དེ་ནི་གཙང་པོར་འདམ་ཁུ་ཆགས་པ་རེད་དྲན་ཡང་། ཆར་དུས་རྫོགས་རྗེས་ཀྱང་མུ་མཐུད་གཙང་པོ་ད་དུང་ནག་པོ་རེད། ནམ་རྒྱུན་ཕྱི་ཟླ་༡༡ ནས་༢ པའི་བར་གཙང་ཆུ་དྭངས་མ་དང་གཙང་མ་རེད། ངའི་སྤོ་པོས་ཀྱང་སི་ཡེང་གཙང་པོ་འདི་འདྲ་ཆགས་པ་གཏན་ནས་མཐོང་མྱོང་མེད་པ་མ་ཟད། གོ་མྱོང་ཡང་མི་འདུག་”ཅེས་བརྗོད་ཡོད་འདུག

ཡང་ཁོང་གིས་ཆུའི་དཔེ་མཚོན་རྒྱ་གར་དབུས་ཆུའི་ལྷན་ཁང་གིས་འཁྱེར་ནས། གཙང་པོ་ཉོག་སྟེ་ནག་པོ་ཆགས་དགོས་པའི་གནད་དོན་གཙོ་བོ་རྒྱ་ནག་ལ་ཐུག་ཡོད་པའི་དོགས་པ་བྱེད་བཞིན་ཡོད་པ་དང་། གཙང་པོའི་བཞུར་རྒྱུན་གྱི་མགོ་སྟོད་དུ་ཕལ་ཆེར་རྒྱ་ནག་གིས་ཨར་འདམ་གྱི་ལས་ཀ་ཆེན་པོ་ཞིག་བྱེད་བཞིན་པའི་བཟོ་ཡོད་སྐོར། དེ་མིན་བྷར་མ་པུ་ཏི་རའི་གྲུབ་ཆའི་གཙང་པོ་ཆེ་ཤོས་སུ་གྱུར་པའི་སི་ཡེང་གཙང་པོ་དེ་ཟླ་ངོ་གཉིས་མ་ཟིན་ཙམ་ལ་ནག་པོ་ཆགས་མི་ཐུབ་སྐོར། གཞན་ཡང་ཁོང་གིས་ཨ་རུ་ན་ཅལ་མངའ་སྡེ་གཞུང་ལ་གཙང་པོའི་གནས་སྟངས་ཐོག་སྙན་ཞུ་ཞིག་ཕུལ་ཟིན་སྐོར་བཅས་བརྗོད་འདུག

སེ་ཡང་གཙང་པོའམ་དྷི་ཧང་གཙང་པོ་ཞེས་པ་ནི་བོད་ནས་བཞུར་བའི་ཡར་ཀླུང་གཙང་པོ་ཡིན་ཞིང་། རྒྱ་གར་དུ་སང་ཡེན་གཙང་པོའམ་དྷི་ཧང་གཙང་པོ་ཞེས་འབོད་ཀྱི་ཡོད་འདུག་པ་དང་། གཙང་པོ་འདི་རིམ་བཞིན་རྒྱ་གར་གྱི་གཙང་པོ་ཁག་ཅིག་དང་འདྲེས་མཚམས་སུ། མཐར་རྒྱ་གར་ནང་ཡོངས་སུ་གྲགས་པའི་བྷར་མ་པུ་ཏི་ར་གཙང་པོའི་གྲུབ་ཆ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 369

Leave a Reply