ཨ་རྒྱ་གཉིས་བར་གྱི་ཚོང་དོན་འབྲེལ་ལམ་བཟང་དུ་འགྲོ་བཞིན་པ།

ཨ་རིའི་སྐུ་ཚབ་མི་སྣ་རྒྱ་ནག་གི་ཚོང་དོན་ལྷན་ཚོགས་ནང་ཞུགས་འཆར་དེ་ནི་ཟླ་སྔོན་མའི་ནང་ཨ་རྒྱ་གཉིས་བར་ཚོང་དོན་གྲོས་མཐུན་༡༠ བཞག་ཡོད་པའི་ནང་ནས་༡༠ པ་དེ་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༤ ནས་འགོ་འཛུགས་ཀྱིས་ཉིན་གཉིས་རིང་རྒྱ་ནག་པེ་ཅིང་དུ་། རྒྱ་ནག་གི་སྐེ་རགས་གཅིག་དང་ལམ་ཁ་གཅིག་ཅེས་པའི་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པ་དང་། དེར་ཕོ་བྲང་དཀར་པོའི་སློབ་སྟོན་པ་མེ་ཊི་པོ་ཊིན་གྷེར་གྱིས་སྣེ་ཁྲིད་ནས་ཨ་རིའི་སྐུ་ཚབ་མི་སྣ་ཁག་ཅིག་དང་། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་མི་སྣ་རྣམས་བཅས། ལྷན་ཚོགས་དེའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་འདུག

ལྷན་ཚོགས་དེ་ནི་རྒྱ་ནག་གི་ལོ་གཅིག་རིང་གི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་ལྷན་ཚོགས་ཆེ་ཤོས་དེ་ཡིན་འདུག་ལ། དེའི་སྐབས་རྒྱ་ནག་གི་དཔོན་རིགས་དང་སྐུ་ཚབ་རྣམས་མཉམ་ཞུགས་ཐོག་ནས་ཞི་ཅེ་ཕིང་གིས་དབུ་ཁྲིད་པའི་ཚོང་ལས་དང་འཛུགས་སྐྲུན་ཡར་རྒྱས་ལས་དོན་གྱི་ཐོག་ལ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

ད་ཐེངས་ཨ་རིའི་སྐུ་ཚབ་རྣམས་ལྷན་ཚོགས་དེའི་ནང་མཉམ་ཞུགས་བྱ་འཆར་དེ་ནི། དེ་སྔོན་ཟླ་སྔོན་མའི་ནང་ཨ་རྒྱ་གཉིས་བར་གྱི་ཕྱོགས་ཡོངས་ནས་དཔལ་འབྱོར་གྱི་གནད་དོན་དང་འབྲེལ་བའི་དོན་ཚན་༡༠ ཉི་མ་༡༠༠ ནང་དངོས་སུ་ལག་བསྟར་བྱེད་འཆར་གྱི་གྲོས་བསྡུར་བྱས་པའི་ནང་ནས་དོན་ཚན་༡༠ པ་དེ་ཡིན་འདུག

དེ་ཡང་དེ་སྔོན་ཟླ་སྔོན་མའི་ནང་ཨ་རྒྱ་གཉིས་བར་ཚོང་དོན་གྲོས་མཐུན་༡༠ བཞག་ཡོད་པ་དང་། དེའི་ནང་ཕྱི་ཟླ་༦ པའི་ཚེས་༡༦ སྔོན་ཚུད་དུ་ཨ་རིའི་བ་གླང་རྒྱ་ནག་ཏུ་ནང་འདྲེན་བྱ་རྒྱུ་དང་།  རྒྱ་ནག་གི་བྱ་ཤ་བརྔོས་མ་དང་བཙོས་མའི་ཐོན་རྫས་རྣམས་ཨ་རིའི་ཁྲོམ་རར་ནང་འདྲེན་བྱ་ཆོག་པའི་ཁྲིམས་བཟོ་རྒྱུ། དེ་བཞིན་ཨ་རིའི་ཚོང་ལས་སྡེ་ཚན་རྣམས་ལ་རྒྱ་ནག་ཏུ་ཚོང་གཉེར་བྱ་རྒྱུའི་ཐད་གུ་ཡངས་དུ་གཏོང་རྒྱུ་དང་། ཨ་རིའི་ངོས་ནས་རྒྱ་ནག་གི་སྐེ་རགས་གཅིག་དང་འགྲོ་ལམ་གཅིག་ཅེས་པའི་ལས་གཞི་གལ་ཆེན་པོར་བརྩི་རྒྱུ་དང་། སྐེ་རགས་གཅིག་དང་འགྲོ་ལམ་གཅིག་གི་ལྷན་ཚོགས་ཞེས་པའི་ནང་ཨ་རིའི་སྐུ་ཚབ་མངགས་རྒྱུ་བཅས་བྱས་ཡོད་པ་ལྟར། ད་ཐེངས་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་། ཤར་ཨེ་ཤི་ཡའི་ལས་དོན་དང་འབྲེལ་བའི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་རྒན་པ་གཅིག་ལྕོགས་སུ་གྱུར་པའི་སྐུ་ཞབས་མེ་ཊི་པོར་ཊིན་གྷེར་གྱིས་དབུ་ཁྲིད་ནས་ལྷན་ཚོགས་དེའི་ནང་ཨ་རིའི་སྐུ་ཚབ་རྣམས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག །གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook15Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 322

Leave a Reply