ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་བོད་ཀྱི་ཐེབས་རྩའི་གསལ་བཤད།

བོད་ཀྱི་ཐེབས་རྩ་ཁང་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་ཀྱི་དོན་གཅོད་ཁང་གསར་པ་ཉོ་ཆེད་ཀྱི་བུན་གཡར་དང་འབྲེལ་བའི་ཆ་རྐྱེན་ཡིག་ཆ་ཡོངས་རྫོགས་ཡིག་ཐོག་གཏན་འབེབས་ཀྱིས་ནིའུ་ཡོག་མངའ་སྡེའི་ཁྲིམས་སྲོལ་དང་མཐུན་པ་བྱུང་ཡོད་པ་དང་། བུན་གཡར་གྱི་དངུལ་དེ་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་རོགས་དངུལ་དུ་བསྒྱུར་ཞུ་ཐུབ་པའི་རེ་བ་ཞུ་ཡི་ཡོད་སྐོར་བརྗོད་འདུག

བོད་ཀྱི་ཐེབས་རྩ་ཁང་ནས་ཟླ་༡༢ པའི་ཚེས་༦ ཉིན་འཁོད་ཀྱི་སྤེལ་བའི་གསལ་བཤད་ཅིག་ནང་འཁོད་དོན། “བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ལ་བོད་ཀྱི་ཐེབས་རྩ་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དངུལ་བུན་གཡར་བའི་གནད་དོན་སྐོར། འདས་པའི་བདུན་ཕྲག་འགའ་ཤས་ནང་བོད་མིའི་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེར་གྱུར་འདུག་པར་བརྟེན། ཐེབས་རྩའི་ངོས་ནས་གནས་སྟངས་ངོ་མ་ཇི་ཡིན་གསལ་བཤད་སྙིང་བསྡུའི་ཞུ་རྒྱུར།   བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དོན་གཅོད་ལས་ཁུངས་གསར་གཟིགས་གནང་རྒྱུའི་ཐོག བོད་ཀྱི་ཐེབས་རྩ་ནས་མཐུན་རྐྱེན་སྦྱོར་བའི་ཆེད། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༣༡ ཉིན་སྐུ་ཚབ་དོན་གཅོད་ཁང་དང་བོད་ཀྱི་ཐེབས་རྩའི་དབར་བུན་དངུལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་མོས་མཐུན་གན་ཡིག་བཞག་སྟེ། སྐྱིན་ཚབ་ལོ་སུམ་ཅུའི་ནང་ཕྱིར་སློག་གནང་རྒྱུའི་དུས་བཀག་བཟོས་ཐོག བུན་གཡར་དང་འབྲེལ་བའི་ཆ་རྐྱེན་ཡོངས་རྫོགས་ཡིག་ཐོག་གཏན་འབེབས་ཀྱིས་ནིའུ་ཡོག་མངའ་སྡེའི་ཁྲིམས་སྲོལ་དང་མཐུན་པ་བྱུང་ཡོད། སྐུ་ཚབ་དོན་གཅོད་ཁང་གི་རེ་འདུན་བཞིན། བུན་གཡར་དེ་དག་ཆ་ཚང་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཕུལ་ཡོད།”ཅེས་འཁོད་འདུག

བུན་གཡར་དངུལ་དེ་རོགས་དངུལ་དུ་བསྒྱུར་ཐུབ་རྒྱུའི་རེ་བ་བྱེད་བཞིན་པའི་སྐོར་འཁོད་དོན། “འདི་སྐོར་ཉེ་ཆར་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་གཙོ་འཛིན་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕྱི་ལོ་༢༠༡༧ ལོའི་ཟླ་༧ ཚེས་༦ ཉིན་འཁོད་པའི་གནས་འཕྲིན་ཕུལ་བའི་ནང་། “ཐོག་མར་བུན་གཡར་སྐབས་ཕྱོགས་གཉིས་ཀས་དུས་ཡུན་གང་མཚམས་རྗེས་བུན་ལོན་ཧྲིལ་པོ་སྤྲོད་འཇལ་མ་དགོས་པར། བོད་མིའི་སྒྲིག་འཛུགས་ལ་རོགས་སྐྱོར་གྱི་ཚུལ་དུ་འབུལ་ཐུབ་པའི་རེ་བ་བྱས་ཡོད་ཀྱང་། བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་རྒྱུའི་ལོ་དུས་སོགས་ཞིབ་ཕྲའི་གོ་བསྡུར་དང་། མོས་མཐུན་གང་ཡང་བྱུང་མེད་ཅིང་། ཕྱོགས་གཉིས་ནས་ལས་ཀ་མཉམ་དུ་བྱས་པའི་མྱོང་ཚོར་གཞི་ལ་བཞག་སྟེ། དུས་ཚོད་རན་མཚམས་སུ་བུན་ལོན་རོགས་སྐྱོར་དུ་བསྒྱུར་རྒྱུར་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་རེ་བ་ཞུ་ཡི་ཡོད་”ཅེས་འཁོད་ཡོད།  “བོད་མིའི་སྒྲིག་འཛུགས་ནས་བུན་དངུལ་ཡིག་ཆའི་འབྲུ་དོན་རྩ་འཛིན་དང་། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་ལ་མུ་མཐུད་བསམ་ཞིབ་ཞུ་བཞིན་པ་བཅས་”ཞེས་བཀོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 812

Leave a Reply