ཨི་ཊ་ལི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ནང་མ་ཚུད་པ།

ད་བར་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཁ་ཐེངས་བཞི་ལེན་མྱོང་མཁན་ཨི་ཊ་ལི་རྒྱལ་ཁབ་ཀྱི་རྐང་སྤོལ་རུ་ཁག་དེ། ཕྱི་ལོ་༢༠༡༨ ལོའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ནང་ཚུད་མེད་པ་རེད།

ཟླ་༡༡ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༨ ལོའི་ཟླ་༦ པའི་ཚེས་༡༤ ནས་ཟླ་༧ པའི་ཚེས་༡༥ བར་ཨུ་རུ་སུ་རུ་རྒྱལ་ཁབ་༣༢ བར་སྐྱེས་པའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་འཚོག་རྒྱུ་ཡིན་པ་དང་། རྩེད་འགྲན་དེར་ཚུད་ཆེད་དུ་དེ་སྔོན་ནས་རྒྱལ་ཁབ་ཁག་གི་རུ་ཁག་བར་རྩེད་འགྲན་བྱེད་བཞིན་ཡོད་པས། ཐེངས་འདིར་རྒྱུན་དུ་ནས་འཛམ་གླིང་རྐང་སྤོལ་རྩེད་འགྲན་ནང་གྲུབ་འབྲས་ཡག་པོ་ཐོན་མཁན་རྒྱལ་ཁབ་ཁག་ཅིག་ཚུད་མེད་ཁར། ད་བར་རྩེད་འགྲན་དེའི་མཐའ་མའི་རྒྱལ་ཁ་ཐེངས་བཞི་ལེན་མྱོང་མཁན་ཨི་ཊ་ལི་རྐང་སྤོལ་རུ་ཁག་ཚུད་ཐུབ་མེད་པས། མི་མང་པོ་ཞིག་ཡིད་མ་ཆེས་པ་ལྷག་ཡོད་འདུག

དེ་ཡང་ཨི་ཊ་ལི་དང་སུ་ཝི་ཌེན་གཉིས་རྩེད་འགྲན་གཉིས་བྱས་ཡོད་པ་དང་། རྩེད་འགྲན་དང་པོ་ལ་སི་ཝི་ཌེན་གྱིས་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་རེད། རྩེད་འགྲན་གཉིས་པ་དེ་ཨི་ཊ་ལི་རུ་བྱེད་སྐབས། ཕྱོགས་གཉིས་བར་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་དང་། སི་ཝི་ཌེན་གྱིས་དེ་སྔོན་རྩེད་འགྲན་དང་པོར་རྒྱལ་ཁ་བླངས་ཡོད་པས། འཛམ་གླིང་རྐང་སྤོལ་འགྲན་བསྡུར་ནང་དངོས་སུ་ཚུད་ཡོད་པ་དང་། ཨི་ཊ་ལི་ཕྱི་ལོ་༡༩༥༨ ལོ་ནས་ད་བར་ཐེངས་དང་པོར་རྩེད་འགྲན་དེར་ཚུད་མེད་པ་རེད་འདུག

ལོ་བཞི་རེའི་མཚམས་སུ་འཚོགས་ཀྱི་ཡོད་པའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་དེ་ནི། འཛམ་གླིང་ནང་མི་མང་པོས་ཆེས་དགའ་མོས་དང་ངང་སྒུག་བྱེད་བཞིན་པའི་རྩེད་འགྲན་ཞིག་ཡིན་པ་དང་། རྩེད་འགྲན་དེར་ཚུད་ཆེད་རྒྱལ་ཁབ་རྣམས་ཀྱི་རྐང་སྤོལ་རུ་ཁག་གིས་ལོ་མང་རིང་སྦྱོང་བརྡར་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༡༨ ལོའི་རྩེད་འགྲན་དེའི་ནང་རྒྱུན་དུ་ནས་གྲུབ་འབྲས་ཡག་པོ་ཐོན་གྱི་ཡོད་ཀྱང་མ་ཚུད་པའི་རུ་ཁག་ཨི་ཊ་ལི་གཙོས་པའི་ཨ་རི་དང་། ཅི་ལི། ཧོ་ལེན་ཌེ། ཁེ་མེ་རོན། གྷ་ན་བཅས་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 371

Leave a Reply