ཨི་རག་དང་ཨི་རན་ནང་ས་ཡོམ་ཤུགས་ཆེན་བརྒྱབ་འདུག

ཨི་རག་དང་ཨི་རན་གཉིས་ཀྱི་ས་མཚམས་ཁུལ་དུ་ས་ཡོམ་ཤུགས་ཚད་རིམ་པ་༧.༣ ཅན་ཞིག་བརྒྱབ་ནས། མི་གྲངས་༤༥༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་རེད་འདུག

ཟླ་༡༡ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨི་རན་དང་ཨི་རག་གཉིས་ཀྱི་ས་མཚམས་ཁུལ་དུ་ས་ཡོམ་གཏིང་ཚད་སྤྱི་ལེ་༣༣.༩ དང་ཤུགས་ཚད་རིམ་པ་༧.༣ ཅན་ཞིག་བརྒྱབ་ནས། འདར་ཡོམ་ཏུར་ཀི་དང་ཨི་ཛེ་རིལ། ཀུ་ཝི་ཊེ་སོགས་ལ་ཚོར་ཡོད་འདུག

ཨི་རན་ནང་ཉུང་མཐར་མི་གྲངས་༤༤༥ ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་༧༣༧༠ ལ་རྨས་སྐྱོན་ཕོག་ཡོད་འདུག དེ་བཞིན་ཨི་རག་ནང་དུ་ཉུང་མཐར་མི་གྲངས་༨ ཀྱི་ཚེ་སྲོག་ཤོར་ཡོད་ཁར། ཉུང་མཐར་མི་གྲངས་༥༣༥ ལ་རྨས་སྐྱོན་ཕོག་ཡོད་འདུག

ཨི་རན་ནང་གནོད་འཚེ་འཕོག་ཡུལ་མང་ཤོས་ཡོད་པའི་ས་གནས་དེའི་སྨན་ཁང་གཙོ་བོར་གཏོར་སྐྱོན་ཆེན་པོ་བྱུང་ནས། མི་མང་ལ་སྨན་བཅོས་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག་པ་དང་། རྒྱལ་ཁབ་དེའི་ནང་གི་གྲོང་གསེབ་༥༠༠ ལྷག་ནང་གཏོར་སྐྱོན་བྱུང་ནས། ཐོག་མར་གློག་དང་ཏར་སྐུད་སོགས་ལ་གཏོར་སྐྱོན་བྱུང་བ་མ་ཟད། ས་རུད་བྱུང་བར་བརྟེན་མྱུར་སྐྱོབ་རུ་ཁག་ལ་འགོག་རྐྱེན་འཕྲད་ཡོད་ཀྱང་། རྗེས་སུ་མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་ཐུབ་ཡོད་འདུག

ཐེངས་འདིའི་ས་ཡོམ་ནི་ཕྱི་ལོ་༢༠༡༧ ལོའི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 121

Leave a Reply