ཨི་རན་མི་མང་གི་ངོ་རྒོལ་དེ་རྒྱལ་སྤྱིའི་ཆབ་སྲིད་དུ་འགྱུར་བཞིན་ཡོད་འདུག

ཨི་རན་ནང་གི་མི་མང་ཚོས་གཞུང་གི་འཛིན་སྐྱོང་ལ་འདོད་པ་མ་ཁེངས་པའི་རྣམ་འགྱུར་སྟོན་ཆེད་ངོ་རྒོལ་ཁྱབ་ཆེན་བྱེད་བཞིན་པར། གཞུང་གིས་དེ་ནི་ཨི་རན་གྱི་ཕྱིའི་དགྲ་བོས་བརྒྱུད་སྐུལ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་འདུག

ཟླ་༡ པོའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ཚེས་༢༨ ཉིན་ཨི་རན་གྱི་གྲོང་ཁྱེར་ཆེ་གྲས་མཱ་ཤ་ཧེ་ཌ་ནང་དུ། ཅ་དངོས་ཀྱི་རིན་གོང་འཕར་བཞིན་པ་དང་ལྐོག་ཟ་རུལ་སུངས་ལ་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱེད་འགོ་བཙུགས་ཡོད་པ་དང་། རྗེས་སུ་ངོ་རྒོལ་དེ་རྒྱལ་ས་གཙོས་པའི་གྲོང་ཁྱེར་གཞན་ནང་ཁྱབ་ནས། གཞུང་ལ་འདོད་པ་མ་ཁེངས་པའི་རྣམ་པར་འགྱུར་ནས། ད་ལྟའི་ཆར་མི་གྲངས་༢༢ ཀྱི་ཚེ་སྲོག་ཤོར་ཡོད་འདུག ངོ་རྒོལ་སྐབས་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨཱ་ལི་ཀ་མི་ནི་དང་། སྲིད་འཛིན་ཧཱ་སེན་རུ་ཧ་ནི་གཉིས་ལ་སྐྱོན་བརྗོད་དང་། ཨི་རན་གྱིས་དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་དང་རྩོད་རྙོག་ནང་མཉམ་ཞུགས་ཀྱིས། འགྲོ་སོང་ཕོན་ཆེན་བཏང་བ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་ཉེས་ཆད་ཕོག་པར་བརྟེན། མི་མང་དབུལ་པོར་ཆགས་བཞིན་པར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་བཞིན་ཡོད་འདུག

ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨཱ་ལི་ཀ་མི་ནི་ཡིས། ཨི་རན་གྱི་ཕྱིའི་དགྲ་བོ་རྣམས་ཀྱིས་ཟླ་སྒྲིལ་ནས། དངུལ་དང་མཚོན་ཆ། ཆབ་སྲིད། གསང་བའི་ལས་ཁང་སོགས་བཀོལ་སྤྱོད་བྱས་ཏེ། ཨི་རན་ནང་ཟིང་འཁྲུག་སློང་གི་ཡོད་པའི་ཉེས་འཛུགས་བྱས་འདུག དཔྱད་བརྗོད་པ་ཚོས་ཕྱིའི་དགྲ་བོ་ནི་ཨ་རི་དང་། ཨི་ཛེ་རིལ། སོ་ཌི་ཨ་རབ་བཅས་ལ་ཟུར་བརྗོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ངོ་རྒོལ་ལས་འགུལ་དེ་འགོ་བཙུགས་ནས་བཟུང་། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཊུ་ཊེར་ཐོག ཨི་རན་གྱི་འགོ་ཁྲིད་ཚོར་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ལྕམ་ནཱི་ཀི་ཧ་ལི་ཡིས། ཨི་རན་མི་མང་གིས་རང་དབང་གི་ཆེད་དུ་འབོད་སྒྲ་བྱེད་བཞིན་ཡོད་པས། རང་དབང་ལ་དགའ་མོས་བྱེད་མཁན་ཚང་མས་ཁོ་ཚོའི་རྒྱབ་ཏུ་ལངས་དགོས་སྐོར་བརྗོད་ནས། ཨ་རི་ཡིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཉིས་ཛ་དྲག་ཚོགས་འདུ་སྐོང་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ཛ་དྲག་ཚོགས་འདུ་དེར་རྒྱབ་སྐྱོར་ག་ཚོད་ཐོབ་ཀྱི་ཡོད་མེད་ངེས་ཚོད་མེད་པ་རེད་འདུག

ཨི་རན་ནང་ཐེངས་འདིའི་ངོ་རྒོལ་ལས་འགུལ་འདི་ནི། ཕྱི་ལོ་༢༠༠༩ ལོའི་རྩོད་རྙོག་ཅན་གྱི་སྲིད་འཛིན་འོས་བསྡུ་སྐབས་ཀྱི་ངོ་རྒོལ་ལས་འགུལ་དང་མི་འདྲ་བར། ལས་འགུལ་གྱི་འགོ་ཁྲིད་མངོན་གསལ་དོད་པོ་ཞིག་མེད་པ་དང་། ད་ལྟའི་ཆར་ཨི་རན་གྱི་རྒྱལ་ས་ཊེ་རན་ནང་དུ་ལས་འགུལ་བ་༤༥༠ འཛིན་བཟུང་བྱས་ཡོད་པ་དང་། ཨཱ་རེག་གྲོང་ཁྱེར་ནས་མི་གྲངས་༨༠ འཛིན་བཟུང་བྱས་ཡོད་འདུག

ད་ལྟའི་ཆར་ངོ་རྒོལ་ལས་འགུལ་དེ་ཨི་རན་གྱི་གྲོང་ཁྱེར་༡༨ ལས་མང་བའི་ནང་ཁྱབ་ཡོད་འདུག་པས། ཨི་རན་གཞུང་གིས་ལས་འགུལ་དེ་རིགས་གོ་སྒྲིག་བྱེད་ཆེད་དྲ་ཐོག་གི་མཉེན་ཆས་ཁག་ཅིག་བཀོལ་སྤྱོད་བྱེད་མི་ཐུབ་པ་བཟོས་ཡོད་པས། ཨ་རིའི་ཕྱི་སྲིད་ལས་ཁང་གིས་མཉེན་ཆས་བཟོ་སྐྲུན་ཚོང་ལས་ཁང་ཚོར་མཉེན་ཆས་དེ་རིགས་ཨི་རན་བཀོལ་སྤྱོད་ཡོང་ཐབས་བཟོ་བའི་སྐུལ་མ་བྱས་ཡོད་སྐོར་བརྗོད་འདུག

ཨི་རན་གི་རྡུལ་མཚོན་ལས་གཞི་ལ་བརྟེན་ནས་དེ་སྔོན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་ཉེས་ཆད་མང་པོ་ཕོག་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མའི་སྐབས་སུ་ཨི་ར་དང་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་པ་རེད་དེ། སྲིད་འཛིན་ཊོམ་སླེབས་རྗེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share this: