ཨུ་རུ་སུ་དགུན་ཁའི་ཨོ་རྩལ་འགྲན་སྡུར་ནང་བཀག་འགོག་བྱས་འདུག

རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཨུ་རུ་སུའི་གཞུང་གིས་མཐུན་སྦྱོར་འོག རྩེད་མོ་བ་ཚོས་ནུས་སྐྱེད་སྨན་ཟོས་ནས་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་བྱས་ཡོད་པའི་ནག་ཉེས་འོག ཐེངས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནང་ཨུ་རུ་སུ་བཀག་འགོག་བྱས་འདུག

ཟླ་༡༢ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༨ ལོའི་ཟླ་༢ པའི་ཚེས་༩ ནས་ཚེས་༢༥ བར་ལྷོ་ཀོ་རི་ཡའི་གྲོང་ཁྱེར་པཱི་ཨོང་ཆེང་ནང་དུ། རྒྱལ་ཁབ་༩༠ ལྷག་གི་རྩེད་མོ་བ་མཉམ་ཞུགས་ཐོག རྩེད་རིགས་མི་འདྲ་བ་༡༠༢ ལ་རྩེད་འགྲན་བྱ་རྒྱུ་ཡིན་ཡང་། ཨུ་རུ་སུའི་རྩེད་མོ་བ་རྣམས་མཉམ་ཞུགས་བྱ་རྒྱུར་བཀག་འགོག་བྱས་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུར་འཚོགས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས། ཨུ་རུ་སུའི་གཞུང་གིས་མཐུན་སྦྱོར་འོག་རྩེད་མོ་བ་ཚོས་ནུས་སྐྱེད་སྨན་སྤྱད་ནས་རྩེད་འགྲན་བྱས་པའི་ཉེས་འཛུགས་ལ། ཟླ་བ་༡༧ གྱི་རིང་ཞིབ་འཇུག་བྱས་རྗེས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས། ཨུ་རུ་སུ་རྒྱལ་ཁབ་དེ་མཉམ་ཞུགས་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་དང་། ཨུ་རུ་སུའི་རྩེད་འགྲན་པ་རྣམས་ལ་བརྟག་དཔྱད་མཐིལ་ཕྱིན་པ་བྱས་རྗེས་ནུས་སྐྱེད་སྨན་སྤྱད་མེད་པ་ར་སྤྲོད་བྱུང་ཚེ། བར་གནས་ཀྱི་དར་ཆའི་འོག་ལས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་མིང་ཐོག་ནས་རྩེད་འགྲན་བྱེད་ཆོག་གི་མེད་སྐོར་གསལ་བསྒྲགས་བྱས་འདུག

ཨུ་རུ་སུའི་རྩེད་མོའི་བློན་ཆེན་ཝཱི་ཊ་ལི་མུག་ཀོག་དང་བློན་ཆེན་གཞོན་པ་གཉིས་མི་ཚེ་གང་ལ་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་བྱེད་མི་ཆོག་པ་དང་། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ད་བར་ཨུ་རུ་སུའི་ནག་ཉེས་དེར་ཞིབ་འཇུག་བྱས་པའི་འགྲོ་སོང་རྣམས་ཨུ་རུ་སུས་གུན་གསབ་བྱེད་དགོས་པ་དང་། དེ་བཞིན་ཨ་སྒོར་ས་ཡ་༡༥ སྤྲད་ནས་རང་དབང་ཅན་གྱི་ནུས་སྐྱེད་སྨན་སྤྱད་ཡོད་མེད་ཀྱི་བརྟག་དཔྱད་ཁང་ཞིག་འཛུགས་ཆེད་སྤྲད་དགོས་པའི་བཀའ་བཏང་འདུག གལ་ཏེ་གོང་གི་བཀའ་གཉིས་པོར་གུས་བརྩི་བྱས་ཚེ། ལོ་རྗེས་མའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ་མཚམས་སུ། ཨུ་རུ་སུ་བཀག་འགོག་གི་ཐག་གཅོད་དེ་ཆ་ཚང་ངམ་ཕྱེད་ཀ་ཕྱིར་འཐེན་བྱེད་སྲིད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༦ ལོར་རྒྱལ་སྤྱིའི་ནུས་སྐྱེད་སྨན་སྤྱོད་བཀག་འགོག་ལས་ཁང་གིས་བཏོན་པའི་སྙན་ཐོ་ཞིག་ནང་། ཕྱི་ལོ་༢༠༡༢ ལོའི་ཨོ་རྩལ་འགྲན་ཚོགས་དང་ཕྱི་ལོ་༢༠༡༣ ལོའི་རྒྱལ་སྤྱིའི་རྒྱུག་མཆོང་འཕེན་གསུམ་གྱི་རྩེ་ཕུད་འགྲན་ཚོགས། དེ་བཞིན་ཕྱི་ལོ་༢༠༡༤ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བཅས་སུ། ཨུ་རུ་སུའི་གཞུང་གི་མཐུན་སྦྱོར་འོག རྩེད་མོ་༡༠༠༠ ལས་མང་བས་ནུས་སྐྱེད་སྨན་བཀོལ་སྤྱོད་བྱས་པའམ་དེ་དང་འབྲེལ་བ་ཡོད་ཀྱང་། གནད་དོན་དེ་གཞུང་གིས་སྦས་ཐབས་བྱས་སྐོར་འཁོད་ཡོད་འདུག གནད་དོན་དེ་དང་བསྟུན་ནས་ཕྱི་ལོ་༢༠༡༦ ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཨུ་རུ་སུའི་རྩེད་མོ་བ་རྣམས་རྒྱུག་རྩལ་དང་མཆོང་རྩལ་རིགས་ཀྱི་རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༡༦ ལོའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སྐབས། ཨུ་རུ་སའི་རུ་ཁག་ཆ་ཚང་བཀག་འགོག་བྱས་འདུག

ཐག་གཅོད་དེར་ཨུ་རུ་སའི་ནང་དགག་པ་ཆེན་པོ་རྒྱག་བཞིན་ཡོད་པ་དང་། ཆབ་སྲིད་མི་སྣ་ཁག་ཅིག་གིས་འགྲན་ཚོགས་དེར་ངོ་རྒོལ་གྱིས་མཉམ་ཞུགས་མི་བྱེད་པའི་དགོས་འདུན་བཏོན་འདུག འོན་ཀྱང་ཁག་ཅིག་གིས་ནུས་སྐྱེད་སྨན་བཀོལ་སྤྱོད་བྱས་མེད་མཁན་གྱི་རྩེད་མོ་བ་རྣམས་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་ཐོབ་པར་དགའ་བསུ་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 380

Leave a Reply