ཨུ་རུ་སུ་ནས་ཨ་རིའི་ལས་བྱེད་༧༥༥ ཁ་བྲལ་དགོས་པའི་པུ་ཊིན་གྱི་བཀའ་རྒྱ།

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཨ་རིའི་ཕྱི་འབྲེལ་ལས་བྱེད་༧༥༥ ཨུ་རུ་སུ་ནས་ཁ་བྲལ་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག་ཅིང་། དེ་ནི་དེང་རབས་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་ཅིག་ནས་ཕྱི་འབྲེལ་ལས་བྱེད་མཐར་སྐྲོད་བཏང་བ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཀྱི་ཡོད་སྐོར་འདུག

ཟླ་༧ པའི་ཕྱི་ཚེས་༣༡ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཨུ་རུ་སུ་ནང་དུ་ཡོད་པའི་ཨ་རིའི་ཕྱི་འབྲེལ་ལས་བྱེད་༧༥༥ ཡིས་ལས་དོན་མཚམས་འཇོག་བྱེད་དགོས་པ་དང་། འདི་ལོའི་ཕྱི་ཟླ་༩ པའི་ཕྱི་ཚེས་༡ གི་སྔོན་ལ་ངེས་པར་དུ་ཨུ་རུ་སུ་ནས་ཁ་བྲལ་དགོས་པའི་བཀོད་ཁྱབ་ཅིག་བཏང་ཡོད་འདུག བཀོད་ཁྱབ་དེ་ནི་ཉེ་ཆར་ཨ་རི་གྲོས་ཚོགས་གོང་འོག་གཉིས་ནས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་གསར་པ་ཞིག་གཏོང་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་སྟབས་དེར་འཁོན་ལན་སློག་པ་ཞིག་ཡིན་འདུག

ལོ་སྔོན་མའི་ཕྱི་ཟླ་༡༢ པའི་ནང་ཨ་རི་ནས་ཨུ་རུ་སུའི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་ལས་བྱེད་༣༥ ཕྱིར་འབུད་བྱས་རྗེས། ཨ་རིའི་ནང་ཨུ་རུ་སུའི་ལས་བྱེད་༤༥༥ ལས་ལྷག་མེད་པ་ལྟར།  ད་ཆ་ཨུ་རུ་སུ་ནང་དུ་ཡང་ཨ་རིའི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་ལས་བྱེད་༤༥༥ ལས་མེད་པ་བཟོ་རྒྱུ་ཡིན་འདུག

ཝ་ཤིང་ཊོན་དུ་ཡོད་པའི་སྦི་སྦི་སིའི་གསར་འགོད་པ་ལོ་རཱ་བྷིཀ་ཀེར་གྱིས་ད་ཐེངས་ཀྱི་ཨུ་རུ་སུའི་བྱ་འགུལ་དེ་ནི་དེང་རབས་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་ཅིག་ནས་ཕྱི་འབྲེལ་དང་འབྲེལ་བའི་ལས་བྱེད་མཐར་སྐྲོད་བཏང་བ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད་འདུག  དེ་བཞིན་མོ་སཱི་ཀོའུ་ལ་ཡོད་པའི་སྦི་སྦི་སིའི་གསར་འགོད་པ་ས་རཱ་རེན་སི་ཧྥོར་ཌིས་བརྗོད་པ་ལྟར་ན། ལས་བྱེད་༧༥༥ ནང་ཨ་རིའི་ཕྱི་འབྲེལ་ལས་དོན་ཐོག་ལས་ཀ་བྱེད་མཁན་གྱི་ཨུ་རུ་སུའི་མི་རྣམས་ཀྱང་ཚུད་ཡོད་པ་མ་ཟད། མོ་སཱི་ཀོའུ་ལ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གཙོས་པའི་ཨུ་རུ་སུའི་གྲོང་ཁྱེར་ཁག་ནང་ཡོད་པའི་ཨ་རིའི་ཚོང་འབྲེལ་ལས་དོན་ཁང་རྣམས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག

ཨ་རིའི་གཞུང་གིས་ཨུ་རུ་སུའི་འགུལ་བསྐྱོད་དེ་ལ་བློ་འགྱོད་ཡོད་སྐོར་དང་། དེ་ནི་དགོས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་ཡོད་ཁར། ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་“ང་ཚོས་ལས་བྱེད་ཀྱི་ཁ་གྲངས་ཚད་བཀག་བཟོས་པའི་ཤུགས་རྐྱེན་དང་། དེར་ལན་ཇི་ལྟར་སློག་དགོས་ཀྱི་ཡོད་མེད་བཅས་ལ་དཔྱད་ཞིབ་བྱེད་བཞིན་ཡོད་”ཅེས་བརྗོད་ཡོད་འདུག

སྲིད་འཛིན་པུ་ཊིན་གྱིས་ཨུ་རུ་སུའི་བརྙན་འཕྲིན་ནང་ཨུ་རུ་སུར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དང་། དོན་གཅོད་ལས་ཁུངས་ཁག་ནང་མི་༡༠༠༠ ལྷག་གིས་ལས་ཀ་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་ད་ལྟ་ཡང་ལས་ཀ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག་ལ། དེ་བཞིན་ཁོང་གིས་“མི་༧༥༥ དེས་ཨུ་རུ་སུའི་ནང་བྱ་གཞག་བསྒྲུབ་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས་”ཞེས་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༤ ལོར་ཡུ་ཀཱི་རེན་གྱི་མངའ་འོག་ཏུ་ཡོད་པའི་ཁི་རཱི་མི་ཡ་(Crimea)ཞེས་པ་ཞིག་ཨུ་རུ་སུས་བཙན་བཟུང་བྱས་ཡོད་པ་དང་། འདས་མ་ཐག་པའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཨུ་རུ་སུས་ཐེ་ཇུས་བྱས་ཡོད་པའི་དོགས་གཞི་ཡོད་སྟབས། དེ་གཉིས་ལ་འཁོན་ལན་དུ་ཟླ་༧ པའི་ཚེས་༢༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ནས་ཨུ་རུ་སུ་དང་བྱང་ཀོ་རི་ཡ། ཨི་རན་བཅས་ལ་དཔལ་འབྱོར་གྱི་ཉེས་ཆད་གསར་པ་གཏོང་རྒྱུའི་ཁྲིམས་འཆར་ལ་འཐུས་མི་༡༠༠ ནས་༩༨ གྱིས་རྒྱབ་སྐྱོར་བྱས་ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་ཟླ་༧ པའི་ཚེས་༢༥ ཉིན། འཐུས་མི་༤༢༢ ནས་༤༡༩ ཡི་རྒྱབ་སྐྱོར་བྱས་ཡོད་སྟབས། ད་ལྟ་དེར་འཁོན་ལན་དུ་ཨུ་རུ་སུས་འགུལ་བསྐྱོད་དེ་བགྱིས་པ་ཡིན་སྐོར་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 588

Leave a Reply