ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ལ་༧གོང་ས་མཆོག་དང་མཇལ་མི་རུང་བའི་ཉེན་བརྡ་བཏང་འདུག

རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་བྱེད་ཅིག་གིས། མ་འོངས་པར་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཚེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

ཟླ་༨ པའི་ཚེས་༣༠ ཉིན་ཨོ་སི་ཀྲོ་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཨེ་སི་བྷེ་ཨེ་སི་ཐོག་ཏུ་གནས་ཚུལ་བཀོད་གསལ། ཟླ་༨ པའི་ཚེས་༢༩ ཉིན་ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར། རྒྱ་ནག་དང་བོད་ཀྱི་རིག་གཞུང་བརྗེ་ལེན་འཐུས་ཚབ་རུ་ཁག་ཅིག་སླེབས་ཡོད་འདུག་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་བོད་རང་སྐྱོངས་ལྗོངས་ཁྱབ་བསྒྲགས་བྱེད་ཆེད་དང་།དེ་བཞིན་ཨོ་སི་ཀྲོ་ལི་ཡ་དང་གྲོས་བསྡུར་བྱེད་ཆེད་སླེབས་པ་ཡིན་འདུག

འཐུས་ཚབ་རུ་ཁག་ནང་རྒྱ་ནག་གཞུང་གིས་འཁྲིད་སླེབས་པའི་བོད་མི་ཁག་ཅིག་ཀྱང་ཡོད་འདུག

སྐབས་དེར་མ་འོངས་པར་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་སྐུ་ཞབས་མེལ་ཁོམ་ཀྲན་བྷུལ་དང་༧གོང་ས་མཆོག་གཉིས་མཇལ་འཕྲད་གནང་ཚེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་མིན་སྐོར་གསར་པ་འགོད་པ་ཞིག་གིས་དྲིས་པར། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་ལས་བྱེད་ཝང་ཡེན་ཝེན་གྱིས། མོ་ལ་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་ཀྱི་ལས་ཀ་བྱེད་པ་ལས། མགོ་སྐོར་འོག་ཚུད་ནས་རྒྱ་ནག་ཁ་བྲལ་གཏོང་བའི་ལས་ཀ་མི་བྱེད་པའི་ཡིད་ཆེས་ཡོད་སྐོར་བརྗོད་ནས། གལ་ཏེ་མ་འོངས་པར་སྲིད་བློན་མེལ་ཁོམ་ཀྲན་བྷོལ་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཚེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ངེས་གཏན་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་ཕྱི་ལོ་༢༠༡༧ ལོའི་ནང་༧གོང་ས་མཆོག་ཨོ་སི་ཀྲོ་ལི་ཡར་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཡོད་འདུག་ཀྱང་། མཛད་འཆར་དེ་ཕྱིར་འཐེན་བྱས་ཟིན་ཡོད་པ་རེད་འདུག

ཉེ་བའི་ཆར་ནས་ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་སོགས་ཀྱི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པར་སེམས་འཚབ་བྱེད་མཁན་མང་པོ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 246

Leave a Reply