ཨོ་སི་ཀྲོ་ལི་ཡས་ཨ་རིའི་རྒྱབ་ཏུ་ལངས་རྒྱུ་ཡིན་ཟེར།

ཨ་རི་དང་བྱང་ཀོ་རི་ཡ་བར་གྱི་རྩོད་རྙོག་ཆེ་རུ་འགྲོ་བཞིན་པ་དང་བསྟུན། ཨོ་སི་ཀྲོ་ལི་ཡའི་སྲིད་བློན་གྱིས་གལ་ཏེ་བྱང་ཀོ་རི་ཡས་ཨ་རི་ལ་དྲག་རྒོལ་བྱས་ཚེ། ཁོང་གི་རྒྱལ་ཁབ་དེ་ཨ་རིའི་རྒྱབ་ཏུ་ལངས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་༨ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་སྲིད་བློན་སྐུ་ཞབས་མེལ་ཁོམ་ཀྲེན་བྷོལ་གྱིས་རླུང་འཕྲིན་ཞིག་གི་བཅར་འདྲིའི་ཐོག “ཨ་རི་ཨོ་སི་ཀྲོ་ལི་ཡ་ཚུད་པའི་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རྒྱབ་ཏུ་ལངས་ཀྱི་ཡོད་པས། ང་ཚོ་ཡང་ཁོ་ཚོའི་རྒྱབ་ཏུ་ལངས་རྒྱུ་ཡིན།” ཞེས་བརྗོད་ནས། གལ་ཏེ་ཨ་རིར་དྲག་རྒོལ་བྱུང་ཚེ། ཨན་ཛུ་སི་(anzus) ཆིངས་ཡིག་ལྟར། ཨོ་སི་ཀྲོ་ལི་ཡ་ཨ་རིའི་རྒྱབ་ཏུ་ལངས་རྒྱུ་ཡིན་པ་གསལ་པོ་ཤེས་དགོས་སྐོར་བརྗོད་ཡོད་འདུག

ཨན་ཛུ་སི་ཆིངས་ཡིག་དེ་ནི་ཕྱི་ལོ་༡༩༥༡ ལོར་ཨ་རི་དང་ནིའུ་ཛེ་ལེན་ཌེ། ཨོ་སི་ཀྲོ་ལི་ཡ་བཅས་ཀྱི་བར་དུ་བཞག་ཡོད་འདུག་པ་དང་། དེའི་ནང་གལ་ཏེ་རྒྱལ་ཁབ་དེ་གསུམ་ལས་གཅིག་ལ་ཕྱིའི་རྒྱལ་ཁབ་སུས་དྲག་རྒོལ་བྱས་ཚེ། རྒྱལ་ཁབ་གཞན་གཉིས་ཀྱིས་དྲག་རྒོལ་བྱེད་ཡུལ་རྒྱལ་ཁབ་དང་གོ་བསྡུར་བྱས་ཏེ། རྒྱབ་ཏུ་ལངས་དགོས་ཀྱི་ཡོད་པ་རེད་འདུག ད་བར་ཨོ་སི་ཀྲོ་ལི་ཡས་ཆིངས་ཡིག་དེ་ཐེངས་གཅིག་ལག་བསྟར་བྱས་ཡོད་འདུག དེ་ཡང་ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་ཨ་རིར་འཇིགས་སྐུལ་པའི་དྲག་རྒོལ་བྱུང་རྗེས། ཨོ་སི་ཀྲོ་ལི་ཡའི་དམག་མིས་ཨ་རི་དང་མཉམ་སྦྲེལ་གྱིས་ཨབ་གྷ་ནི་སི་ཐན་དུ་དམག་ལ་ཕྱིན་ཡོད་པ་རེད་འདུག ཕྱི་ལོ་༡༩༨༠ ལོའི་ནང་ཨ་རི་དང་ནིའུ་ཛེ་ལེན་ཌེ་བར་ཆིངས་ཡིག་དེའི་ནང་འཁོད་པའི་དམ་བཅའ་དེ་གནས་སྐབས་རིང་ནུས་མེད་བཟོས་ཡོད་པ་རེད་འདུག

ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྱི་རྩོད་རྙོག་དེ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཉེ་བའི་ཆར་བྱང་ཀོ་རི་ཡས་ཨ་རིའི་བདག་དབང་འོག་ཡོད་པའི་གྷོམ་གླིང་ཕྲན་ལ་དྲག་རྒོལ་བྱེད་རྒྱུའི་འཆར་གཞི་འདིང་གི་ཡོད་སྐོར་གྱི་ཉེན་བརྡ་བཏང་ཡོད་པས། ཨ་རིས་གལ་ཏེ་ཨ་རི་ལ་དྲག་རྒོལ་རིགས་བྱས་ཚེ། བྱང་ཀོ་རི་ཡས་སེམས་འཚབ་ཆེན་པོ་བྱེད་དགོས་སྐོར་གྱི་ཉེན་བརྡ་བཏང་ཡོད་པ་རེད།

སྲིད་བློན་ཀྲེན་བྷོལ་གྱིས་ཨ་རི་དང་ཨོ་སི་ཀྲོ་ལི་ཡ་གཉིས་བར་གྱི་མཐུན་ཕྱོགས་ཀྱི་འབྲེལ་བ་དེ་ནི། ཨོ་སི་ཀྲོ་ལི་ཡའི་བདེ་འཇགས་ཀྱི་གཞི་རྟེན་གཙོ་བོ་ཡིན་སྐོར་དང་། ཉེ་བའི་ཆར་ཁོང་དང་ཨ་རིའི་སྲིད་འཛིན་གཞོན་པའི་བར་བྱང་ཀོ་རི་ཡའི་གནད་དོན་ཐོག་གོ་བསྡུར་བྱུང་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 484

Leave a Reply