༸སྐྱབས་རྗེ་གླིང་རིན་པོ་ཆེ་ལ་བཅར་འདྲི།

བསྟན་འཛིན་བདེ་སྐྱིད་ཀྱིས་བཅར་འདྲི་ཞུས།
Captureདབང་པོའི་ནུས་པ་ཉམས་པ་ཚོའི་རིན་ཐང་གོང་འཕེལ་བཏང་དགོས་ན་དང་པོ་མི་ཡི་གོ་རྟོག་གོང་འཕེལ་གཏོང་དགོས།
གླིང་མཆོག་སྤྲུལ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་གུས་ཤིང་ཆེ་མཐོང་ཡོད་པའི་བླ་མ་ཞིག་ཡིན་པ་དང་། ཁོང་གི་རླངས་འཁོར་བརྡབ་སྐྱོན་འོག་ཞབས་ལ་སྐྱོན་བྱུང་རྗེས་སྨན་བཅོས་གནང་ནས་རྒྱུན་ལྡན་བཞིན་ཕེབས་མ་ཐུབ་པའི་སྐུ་ངལ་བྱུང་སྐོར་སྦ་གསང་མེད་པར་ངོ་སྤྲོད་གནང་བ་མ་ཟད། དབང་པོའི་ནུས་པ་ཉམས་པའི་མིའི་རིགས་གང་ན་གནས་པ་ཚང་མའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་གལ་ཆེའི་སྐོར་གསུངས་བྱུང་།

༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་ ༡༩༨༥ ལོར་འཁྲུངས་རྗེས་དགུང་ལོ་དྲུག་ལ་ཕེབས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཡོངས་འཛིན་གླིང་རིན་པོ་ཆེའི་(༡༩༠༣ནས་༡༩༨༣)ཡང་སྲིད་དུ་ངོས་འཛིན་གནང་ཞིང་། སྐུ་གོང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོངས་འཛིན་གནང་ཡོད་པ་མ་ཟད། དགའ་ལྡན་ཁྲི་ཐོག་༩༧ པའི་མཛད་འགན་ཡང་བཞེས་གནང་ཡོད།

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ ཉིན་གླིང་མཆོག་སྤྲུལ་རིན་པོ་ཆེ་རྒྱ་གར་གྱི་གྲོང་ཁྱེར་གྷོ ་ཝའི་གནམ་ཐང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་བསུར་བཅར་སྐབས་ཕེབས་ལམ་དུ་རླངས་འཁོར་གདོང་ཐུག་བརྡབ་སྐྱོན་འོག་རྨས་སྐྱོན་ཚབས་ཆེ་བྱུང་ཡོད་པ་དང་། སྐུ་གཟུགས་ཀྱི་དྲག་བསྐྱེད་ཆ་ཚང་བ་ཡོང་ཐབས་ལ་ལོ་གཉིས་ཙམ་གྱི་རིང་ཞབས་ལ་གཤག་བཅོས་ལན་མང་དང་སྨན་བཅོས་གནང་བ་མ་ཟད། རྒྱུན་རིང་ལུས་རྩལ་སོགས་སྐུ་གཟུགས་ཀྱི་བཅོས་ཐབས་ནན་པོ་གནང་དགོས་བྱུང་ཡོད།

སྨན་བཅོས་ཀྱི་བརྒྱུད་རིམ་ནང་བཟོད་བསྲན་དང་རྒྱུན་སྲིང་གནང་བ་བཅས་ཀྱིས་ད་ཆ་རིན་པོ་ཆེ་ཕར་ཚུར་ཕེབས་རྒྱུར་སྐུ་ངལ་མེད་པར་གྱུར་ཡོད། ད་ལམ་ངས་ང་ཚོའི་མི་རབས་ཀྱི་གུས་ཤིང་བཀུར་བར་འོས་པའི་སྐྱེས་ཆེན་ཞིག་དབང་པོའི་ནུས་པ་ཉམས་རྒྱུན་ཐུགས་ལ་མྱོང་ཚོར་་ཇི་བྱུང་སྐོར་བཅར་འདྲི་ཞུས་པ་འདིས་སྤྱི་ཚོགས་ནང་དབང་པོའི་ནུས་པ་ཉམས་པ་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་ཀྱི་ཡོད་པ་ལ་དོ་སྣང་ཆེ་རུ་འགྲོ་ཐུབ་པའི་རེ་བ་བྱས་པ་ཡིན། དེ་ཡང་ང་ཚོའི་སྤྱི་ཚོགས་ནང་རྒྱུན་རིང་ནས་དབང་པོའི་ནུས་པ་ཉམས་པ་ཚོར་ཆེ་མཐོང་དང་བདག་སྤྲོད་མེད་པར་ལུས་ཡོད།

རིན་པོ་ཆེར་བྱུང་བའི་གནས་ཚུལ་དེས་གནས་སྟངས་ལ་གློ་བུར་འགྱུར་བ་ཡོང་རྒྱུར་དྲན་གསོ་བྱས་ཡོད། ང་ཚོའི་སྤྱི་ཚོགས་ནང་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་མི་ཚེའི་ནང་དབང་པོ་ཉམས་པའི་གྲས་ཆགས་སྲིད་པ་ཡིན། དེ་ཡང་སྐྱེས་མ་ཐག་དང་བརྡབ་སྐྱོན་བྱུང་བའམ། ལོ་ན་རྒས་པ་སོགས་ལ་བརྟེན་ནས་དབང་པོའི་ནུས་པ་ཉམས་པ་ནི་ལྡོག་ཏུ་མེད་པ་ཞིག་རེད། དེ་བཞིན་རང་ཉིད་ཀྱིས་བརྩེ་དུང་བྱ་ཡུལ་ཞིག་དང་སྤྱི་ཚོགས་ནང་ཚང་མས་གུས་བཀུར་བྱེད་ཡུལ་གྱི་མི་གང་རུང་དབང་པོའི་ནུས་ཉམས་སྲིད་པ་ཡིན། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་ཚོད་རྩིས་ལ་གཞིགས་ན་འཛམ་གླིང་ནང་དབང་པོའི་ནུས་པ་ཉམས་པ་མི་ཐེར་འབུམ་གཅིག་ཡོད་པ་དང་། དེ་ནི་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་༡༥ཟིན་གྱི་ཡོད་པ་རེད། དེའི་གོ་དོན་ནི་རྒྱལ་ཁབ་དང་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་དེའི་མི་འབོར་གྱི་བརྒྱ་ཆ་༡༥དབང་པོའི་ནུས་པ་ཉམས་པའི་གྲས་ཡིན།

དེར་བརྟེན་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་འཛམ་གླིང་ནང་དབང་པོའི་ནུས་པ་ཉམས་པ་ཚོའི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། ཉིན་མོ་འདིར་ང་ཚོའི་སྤྱི་ཚོགས་ནང་མི་བརྒྱ་ཆ་༡༥དབང་པོའི་ནུས་པ་ཉམས་པའི་གྲས་ཡིན་པ་དྲན་གསོ་བྱས་ནས་ཁོང་ཚོའི་བདེ་དོན་ལ་གུས་ཞབས་བྱ་རྒྱུའི་འགན་འཁུར་བླངས་ཏེ་མིག་གི་དབང་པོ་ཐང་པོ་ཡོད་པ་དང་མེད་པ་གཉིས་ཀར་སོ་སོའི་རེ་བའི་ཕུགས་བསམ་བསྒྲུབ་རྒྱུར་ཐོབ་ཐང་དང་རང་དབང་འདྲ་མཉམ་ཡོད་པར་ཆ་འཇོག་བྱེད་དགོས།

དྲི་བ།  སྐྱབས་རྗེ་གླིང་རིན་པོ་ཆེས་དེ་རིང་ང་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག དོན་ཚན་གཉིས་ལ་བཀའ་འདྲི་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༡༢ནས་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་དབང་པོའི་ནུས་པ་ཉམས་པ་ཚོའི་ཆེད་ལས་དབུ་ཁྲིད་ཆེན་མོ་དང་ཆབས་ཅིག་ཏུ་ལོ་གཉིས་ཙམ་ལས་ཀ་བྱེད་རྒྱུ་འགོ་འཛུགས་བྱས་པ་ཡིན། ལས་ཀ་དེས་ངའི་མདུན་ལམ་ལ་འགྱུར་བ་ཤུགས་ཆེ་ཞིག་བཏང་བྱུང། དེ་ནས་བཟུང་དབང་པོའི་ནུས་པ་ཉམས་པ་ཚོའི་ཐོབ་ཐང་གོང་འཕེལ་གཏོང་བའི་ལས་དོན་འདི་ངའི་མི་ཚེའི་ཆ་ཤས་ཤིག་ལ་གྱུར་སོང་། ང་ཚོའི་བོད་འཐབ་རྩོད་དང་དབང་པོའི་ནུས་པ་ཉམས་པ་ཚོའི་ཐོབ་ཐང་རྩོད་རྒྱུ་གཉིས་ལ་མཚུངས་ཆོས་མང་པོ་ཞིག་འདུག

འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཡོད་པའི་དབང་པོའི་ནུས་པ་ཉམས་པ་ཚོའི་མི་ཚེར་ལྟ་དུས་ཁོང་ཚོར་ཆ་རྐྱེན་ཚད་དང་ལྡན་པ་མཁོ་སྤྲོད་བྱ་རྒྱུ་དེ་སྣང་མེད་བཞག་པའམ་བདག་པོ་མེད་པར་ལྷག་པའི་མཐོང་ཚུལ་བྱུང་། དེའི་ཐོག་རྗེས་ལུས་མང་པོ་ཐེབས་པའི་ཚོར་སྣང་ཡང་བྱུང་། བཙན་བྱོལ་སྤྱི་ཚོགས་ཀྱི་དགོན་པའི་ནང་འཁོར་ལོ་བཞོན་མཁན་ཚོ་འགྲོ་ཡུལ་སྒོ་གཅིག་ཀྱང་མེད་པ་དེ་གཞི་ལ་བཞག་ནས་རིན་པོ་ཆེར་རླངས་འཁོར་གདོང་ཐུག་གི་བརྡབ་སྐྱོན་བྱུང་རྗེས་གདོང་ལེན་གནང་དགོས་ཇི་བྱུང་དང་བྱེ་བྲག་ཏུ་འཁོར་ལོར་ཕེབས་སྐབས་སྐུ་ངལ་གང་འཕྲད་ཡོད་དམ།

བཀའ་ལན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལམ་རིམ་གསུང་ཆོས་བསྩལ་ཆེད་མར་ཕེབས་པའི་ཉིན་གཅིག་གི་གོང་བརྡབ་སྐྱོན་དེ་བྱུང་བ་རེད། དེའི་དགོང་མོར་བཤག་བཅོས་བྱས་པ་ཡིན། བསམ་བློ་ཧ་ཅང་གྲུང་པོ་ཡོད་པར་བརྟེན་༸གོང་ས་མཆོག་གི་དྲུང་ནས་གསུང་ཆོས་ཞུ་རྒྱུར་བཅར་ཐུབ་པ་འདུག་བསམས་ནའང།  བརྡབ་སྐྱོན་བྱུང་བར་བརྟེན་ལུས་ཀྱི་དབང་པོའི་ནུས་པ་ཉམས་ནས་གསུང་ཆོས་ལ་བཅར་ཐུབ་མེད། དེ་ནི་ངོས་ལ་དཀའ་ངལ་ཆེ་ཤོས་དེ་བྱུང་།

དེ་ནས་ཕར་ཚུར་འགྲོ་མ་ཐུབ་པའི་གནས་སྟངས་དེ་དེ་བས་གདོང་ལེན་ཆེན་པོ་ཞིག་རེད། སྨན་པ་ཚོས་བཤག་བཅོས་བྱས་རྗེས་ཟླ་བ་གཉིས་ཙམ་རིང་གོམ་པ་སྤོ་རྒྱུ་མེད་པའི་ལམ་སྟོན་གནང་བྱུང་། སྨན་ཁང་ནས་ཐོན་རྗེས་གྷོ་ཝ་གྲོང་ཁྱེར་ནང་ཁང་པ་ཞིག་གི་འོག་ཐོག་དེར་ཁང་ཆུང་ཞིག་ཁང་གླར་བླངས་པ་ཡིན། འོག་ཐོག་ཁང་པ་ཡིན་ནའང་ཕྱི་ལ་འགྲོ་སྐབས་སྐས་འཛེག་བརྒྱུད་དེ་འགྲོ་དགོས་ཀྱི་འདུག་པ་དང་། རྐང་པར་ནུས་པ་ཕྲན་བུ་བསླེབས་པ་དང་རླུང་གཙང་མ་རྔུབ་ཕྱིར་ཕྱི་ལ་ཐོན་འདོད་ཆེ་ནའང་ཐོན་ཐུབ་ཀྱི་མི་འདུག ལུས་ཀྱི་ནུས་པ་ཉམས་པ་ལ་བརྟེན་ནས་ཟླ་བ་གཉིས་ཙམ་རིང་ཁང་པའི་ནང་སྡོད་དགོས་བྱུང་ཡོད་ནའང་། ཁང་པའི་ནང་ཕར་ཚུར་འགྲོ་ཐུབ་པའི་ཆ་རྐྱེན་ཡོད་ན་ནད་གསོའི་དུས་ཚོད་དེ་ལས་སླ་རུ་བཏང་ཡོད་ངེས།

གྷོ་ཝ་གྲོང་ཁྱེར་དུ་ཟླ་བ་གསུམ་ཙམ་བསྡད་རྗེས་ལྡི་ལིར་ཐོན་པ་ཡིན། གྷོ་ཝ་ནས་ཐོན་ཏེ་ལྡི་ལིར་མ་འབྱོར་བར་འགྲིམ་འགྲུལ་བྱེད་རིང་ལུས་ལ་འགུལ་བསྐྱོད་བྱེད་མ་ཐུབ་པའི་དཀའ་ངལ་ཆེན་པོ་བྱུང་། དེ་ཡང་གནམ་གྲུའི་ནང་ཞུགས་དུས་ཡིན་ནའང་རེད། ཡང་ན་གནམ་གྲུ་ནས་ཐོན་སྐབས་དང་། ཁང་པར་འཛུལ་རྒྱུ་བཅས་འགྲོ་འོང་ལ་དཀའ་ངལ་ཆེན་པོ་བྱུང་། དེ་ནི་ལམ་ཟུར་གྱི་གོམ་པ་རྒྱག་ས་མེད་པ་དང་ལམ་ཟུར་བཀག་སྒོ་མེད་པ། ལམ་སྟེང་ཀོང་དོང་ཡོད་པ་བཅས་ཀྱིས་ལུས་ཀྱི་དབང་པོ་ཉམས་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་རེད་བསམ་བྱུང་།

དེ་ནས་ལྡི་ལིར་ལོ་གཅིག་ཙམ་བསྡད་པ་ཡིན། དེ་དུས་དྷ་རམ་ས་ལར་༸གོང་ས་མཆོག་གི་གསུང་ཆོས་ལ་བཅར་འདོད་ལན་མང་བྱུང་ནའང་། ལུས་ཀྱི་དབང་པོའི་ནུས་པ་ཉམས་པ་དང་འགྲོ་འོང་གི་ཆ་རྐྱེན་མེད་པ་བཅས་ཀྱིས་དྷ་རམ་ས་ལར་བསྐྱོད་རྒྱུར་དཀའ་ངལ་བྱུང་། གཞི་རྩའི་བརྡབ་སྐྱོན་བྱུང་བ་ནས་བཟུང་དཀའ་ངལ་མ་བྱུང་བ་འདི་རེད་ཅེས་བརྗོད་རྒྱུ་གཅིག་ཀྱང་མེད། ཆུང་ཚགས་རྐུབ་སྟེགས་ནས་ལངས་རྒྱུ་ཡང་དཀའ་ངལ་རེད།

དྲི་བ། མི་འགའ་ཤས་ཀྱིས་དབང་པོའི་ནུས་པ་ཉམས་པ་ནི་བསོད་བདེ་དམན་པས་རེད་བསམ་གྱི་ཡོད། ཁྲིམས་ལུགས་ཀྱི་འགྲོ་སྟངས་མེད་པའི་སྤྱི་ཚོགས་ནང་དབང་པོའི་ནུས་པ་ཉམས་པ་ཚོ་གནས་བབས་གཅིག་ལ་འཇོག་གི་མེད་པ་དང་། ཁོང་ཚོ་སྙིང་རྗེའི་ཡུལ་དུ་འཇོག་གི་རེད། ད་དུང་སྡུག་ཤོས་ནི་གཞན་གྱི་འཚེ་བ་བྱེད་ཡུལ་དེ་ཆགས་རྒྱུ་ལྡོག་ཏུ་མེད་པ་རེད། འགའ་ཞིག་གིས་དབང་པོའི་ནུས་པ་ཉམས་པ་དེས་གོ་སྐབས་གསར་པ་ཐོབ་བྱུང་བརྗོད་མཁན་ཡང་ཡོད། བརྡབ་སྐྱོན་དེ་བྱུང་རྗེས་རིན་པོ་ཆེའི་ཐུགས་ལ་འགྱུར་བའི་ཚོར་སྣང་གང་བྱུང།

བཀའ་ལན། བརྡབ་སྐྱོན་བྱུང་བ་དེ་སྟབས་མི་ལེགས་པ་རེད། འོན་ཀྱང་དེར་བློ་ཕམ་གང་ཡང་བྱེད་ཀྱི་མེད། དེའི་སྐོར་བསམ་བློ་བཏང་ནས་རྒྱུན་ལྡན་བཞིན་འགྲོ་ཐུབ་རྒྱུར་ཕན་ཐོགས་བྱེད་ཀྱི་མ་རེད། ཚང་མས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་འདོད་ཀྱི་ཡོད། དེ་འདྲ་ཞིག་ཡོང་བར་ཐབས་སྐྱོའི་གནས་ཚུལ་དེའི་སྐོར་དྲན་བསྡད་པ་ཡིན་ན་དེས་བློ་ཕམ་ཡོང་རྒྱུ་ལས་གཞན་མེད། དེས་སོ་སོའི་སྤོབས་པ་ཞུམ་གྱི་རེད། ལུས་དང་དེ་མིན་དབང་པོའི་ནུས་པ་ཉམས་པའི་རིགས་ལ་ང་ཚོར་བཅོས་ཐབས་མེད་ཀྱང་། ཡར་ཐོན་ཅན་གྱི་འཕྲུལ་རིག་དང་མཐུན་རྐྱེན་གཞན་གང་ཡོད་དང་། ཚན་རིག་དང་སྨན་བཅོས་ཀྱི་ཆ་རྐྱེན་གང་ཡོད་པ་དེ་དག་གི་ཁེ་ཕན་ལེན་ཐུབ་པ་བྱེད་དགོས། ངོས་ལ་ཆ་མཚོན་ན་བཤག་བཅོས་བྱས་ནས་ཉིན་གཉིས་སོང་རྗེས་ལུས་བཅོས་གསོ་ཐབས་ལམ་སང་འགོ་འཛུགས་བྱས་པ་ཡིན། ནད་ཟུག་དང་དཀའ་ངལ་ཇི་ཙམ་ཡོད་ནའང་བཅོས་ཐབས་ཆ་ཚང་བ་བྱ་རྒྱུར་སེམས་ཐག་ཆོད་པོ་བྱས་པར་བརྟེན་གང་འཚམས་ནས་ལུས་ལ་འགུལ་ཤུགས་བསླེབས་བྱུང་།

གཞི་རྩའི་དབང་པོའི་ནུས་པ་ཉམས་པ་དང་བརྡབ་སྐྱོན་བྱུང་བ་ཡིན་ན་དེ་ནས་མངོན་པར་རྒྱལ་ཐུབ་པའི་བསམ་བློའི་འདུན་པ་ཡོད་དགོས་པ་གལ་ཆེན་པོ་རེད་འདུག ངའི་བཤག་བཅོས་དང་པོ་དེ་ལམ་ལྷོང་ལྡན་པ་བྱུང་མེད། ཟླ་བ་དྲུག་གི་རྗེས་སླར་ཡང་བཤག་བཅོས་གཉིས་པ་བྱེད་དགོས་ཀྱི་རེད་ཅེས་བརྗོད་བྱུང་། བཤག་བཅོས་དེ་ལས་སླ་པོ་ཞིག་མིན་པ་ཤེས་བཞིན་ལམ་སང་འགྲིགས་ཀྱི་འདུག་ཅེས་ངོས་ལེན་བྱས་པ་ཡིན། མཐའ་མ་དེར་ངའི་པུས་མོར་གཅུས་གཟེར་བཅུ་གཉིས་བླུགས་ནས་བཅོས་ཐབས་བྱས་པ་རེད། ང་ཚོ་ཚང་མར་བདེ་སྐྱིད་ལྡན་པའི་མི་ཚེ་ཡོད་ཆོག་པ་དང་། དེ་འདྲ་ཞིག་ཡོང་ཐུབ་པའི་ལམ་ཡོད་ན་དེ་ལེན་ཐུབ་པའི་གོ་སྐབས་བློས་གཏོང་རྒྱུ་མེད། ངོས་ནས་བསམ་ཚུལ་གང་འདྲ་ཞིག་ལའང་སྒོ་ཕྱེས་ཡོད། གང་ལགས་ཤེ་ན་ངོས་རང་གཟུགས་ཁམས་བདེ་ཐང་དང་ལོ་བདུན་ཅུ་བརྒྱད་ཅུ་བར་གནས་ཐུབ་ཀྱི་རེད་བསམ་གྱི་འདུག དེ་དང་སླར་ཡང་ལུས་ཀྱི་ནུས་པ་ཆ་ཚང་བ་ཡོད་པ་ཞིག་ཡོང་འདོད་ཡོད།

དྲི་བ། དབང་པོ་ཉམས་པ་ཚོའི་ཐོབ་ཐང་ཐོག་ཨ་རི་ནི་འཛམ་གླིང་ནང་སྲོལ་འབྱེད་ལྟ་བུ་ཡིན་པ་དང་དབང་པོའི་ནུས་པ་ཉམས་པ་ཚོའི་ཐོབ་ཐང་ལ་གསེར་ལྟ་བུའི་གནས་ཚད་ཡོད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་དབང་པོའི་ནུས་པ་ཉམས་པ་ཚོར་དབྱེ་འབྱེད་དང་མིང་ཆད་ད་ལྟའང་ཡོད་མུས་རེད། སྲིད་གཞུང་མང་པོར་དེ་དག་ལ་ལྟ་སྐྱོང་གི་འགྲོ་ལུགས་བཟང་པོ་མེད་པ་དང་། ཡར་རྒྱས་སོང་པའི་རྒྱལ་ཁབ་ཀྱི་ནང་དུའང་དེ་འདྲ་ཡོད། ངའི་བསམ་པར་གཞན་ལ་བརྩེ་བའི་བསམ་པ་གོང་འཕེལ་གཏོང་བའི་བཟང་སྤྱོད་དགོས་ཀྱི་རེད་སྙམ་གྱི་འདུག ཁྱད་པར་དུ་ཨེ་ཤ་ཡའི་ནང་དབང་པོའི་ནུས་པ་ཉམས་པ་ཚོར་མིང་ཆད་བཟོ་རྒྱུའི་གོམས་གཤིས་ཤུགས་ཆེར་ཡོད། ང་ཚོའི་སྤྱི་ཚོགས་ནང་དབང་པོའི་ནུས་པ་ཉམས་པའི་སྐྱེ་བོ་གཞན་ཞིག་ལ་མིང་ཆད་བཟོ་རྒྱུ་དེ་རིགས་མེད་པར་བཟོ་རྒྱུར་གང་བྱེད་དགོས་དགོངས་ཀྱི་འདུག་གམ།

བཀའ་ལན། དབང་པོ་ཉམས་པ་ཚོ་མང་ཆེ་བ་ཞིག་ནི་སྔར་སྐྱེས་དུས་ནས་མ་ཡིན་ལ་རྗེས་ནས་འཕྲལ་ཏུ་བྱུང་བའི་རྐྱེན་ཞིག་གིས་དེ་ལྟའི་གནས་སྟངས་ཆགས་ཀྱི་རེད།   ངོས་ལ་ཆ་མཚོན་ན་རླངས་འཁོར་བརྡབ་སྐྱོན་བྱུང་བ་ལ་བརྟེན་ནས་གནས་སྐབས་དབང་པོའི་ནུས་པ་ཉམས་པ་རེད། འཕྲལ་རྐྱེན་ཞིག་གིས་དབང་པོའི་ནུས་པ་ཉམས་པའི་གནས་སྟངས་ལ་འགྱུར་བ་ཡོང་གི་རེད།

གང་ལྟར་སྤྱི་ཚོགས་དང་བྲེ་བྲག་ཏུ་དབང་པོའི་ནུས་པ་ཆ་ཚང་བ་ལྡན་པ་ཚོས་ནུས་པ་ཉམས་པ་ཚོའི་ཐོབ་ཐང་ལ་བདག་པོ་བརྒྱབ་ནས་དབང་པོའི་ནུས་པ་ཉམས་པ་ཚོ་སྤྱི་ཚོགས་ནང་མཉམ་ཁྲིད་བྱེད་དགོས་པ་དང་། དེ་དག་ལ་སྐྱེ་བོ་གཞན་པ་བཞིན་གོ་སྐབས་གཅིག་གྱུར་དང་ནུས་པ་ཆ་ཚང་ཡོད་པའི་ངེས་ཤེས་ཐོབ་པ་བྱེད་དགོས་པ་ཡིན། དེས་ཁོང་ཚོ་ཕུགས་རྒྱང་རིང་པོར་གཞན་ལ་བརྟེན་མི་དགོས་པར་འཚོ་གནས་ཐུབ་པ་མ་ཟད། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་མཁན་ཆགས་ཀྱི་རེད། དེ་རིགས་ནི་ང་ཚོ་ཐུན་མོང་གི་ཁེ་ཕན་རེད། གང་ལགས་ཤེ་ན་དབང་པོའི་ནུས་པ་ཉམས་པ་འགའ་ཞིག་ལ་ཚོར་ཤེས་དང་ཚོར་སྣང་དམིགས་རྣོ་བོ་ཡོད་རེད་ཅེས་གོ་མྱོང་། ཁོང་ཚོར་རིག་རྩལ་ཁྱད་འཕགས་ཅན་ཡོད་པ་དེ་ནི་རིན་ཐང་ཆེན་པོ་རེད།

དྲི་བ། མཚམས་རེར་གུས་མོས་ནང་པའི་སྤྱི་ཚོགས་ནང་དབང་པོའི་ནུས་པ་ཉམས་པ་དེ་ལས་ཡིན་པར་ངོས་འཛིན་བྱས་ནས་ཁོང་ཚོར་མིང་ཆད་དང་དབྱེ་འབྱེད། ཐུབ་ཚོད་བཏང་བ་བཅས་བྱས་ནས་དེ་ལ་གདོང་ལེན་བྱ་རྒྱུ་ནས་གཡོལ་རྒྱུའི་ལག་ཆར་བེད་སྤྱོད་བྱེད་ཀྱི་འདུག་བསམ་གྱི་འདུག དེ་སྔོན་གྱི་ལས་ལ་ངོས་ལེན་བྱེད་དགོས་དང་། སྐྱེ་བོ་ཞིག་གིས་དབང་པོའི་ནུས་པ་ཉམས་པ་དེ་ལས་ལ་བརྟེན་ནས་བྱུང་བར་ངོས་ལེན་བྱེད་དགོས་ཀྱི་རེད་དམ། ཡང་ན་བྱེད་དགོས་ཀྱི་མ་རེད།

བཀའ་ལན། དབང་པོའི་ནུས་པ་ཉམས་པ་དེ་སྡིག་པའི་ལས་ལ་བརྟེན་ནས་བྱུང་བ་དང་། ཡང་ན་སྐྱེ་བ་སྔོན་མར་སྡིག་པའམ་ལས་ངན་པ་བསགས་པ་ལས་བྱུང་བ་མ་རེད་ཅེས་མཐའ་གཅིག་ཏུ་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་གང་བརྗོད་ཐུབ་ཀྱི་རེད་ཅེ་ན་སྤྱིར་བཏང་དེར་ཁུངས་སྐྱེལ་དང་ཡང་ན་དེ་གཉིས་གཅིག་གིས་གཅིག་ལ་འབྲེལ་བ་གང་ཡང་མེད། དཔེར་ན་ངོས་ལ་རླངས་འཁོར་གྱི་བརྡབ་སྐྱོན་བྱུང་ནས་དབང་པོའི་ནུས་པ་ཉམས་པ་རེད། དེ་ངས་སྡིག་པའི་ལས་བྱས་པ་ལས་བྱུང་བ་རེད་ཅེས་སུས་ཀྱང་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་ཁོ་ཚོར་ཁྲིམས་ཐོག་ནས་ཐོབ་ཐང་དང་མཐུན་རྐྱེན་བསྐྲུན་དགོས་པ་སོགས་ངེས་པར་དུ་ཡོད་དགོས།

དྲི་བ། ངའི་བསམ་པར་དགོན་པ་ཚོས་དབང་པོའི་ནུས་པ་ཉམས་པ་དང་ལོ་ན་བགྲེས་པ་ཚོར་འགྲོ་འོང་སོགས་ཆ་ཚང་བྱེད་ཐུབ་པའི་ཆ་རྐྱེན་བཟོ་དགོས་པ་དང་།   ང་རང་ཚོའི་སློབ་གྲྭ་ཚོར་དབང་པོའི་ནུས་པ་ཉམས་པའི་སློབ་ཕྲུག་ཚོ་སློབ་གྲྭའི་ཁང་པ་ཚང་མར་གཅིག་མཚུངས་འགྲོ་འོང་བྱེད་ཐུབ་པའི་ཆ་རྐྱེན་བཟོ་རྒྱུའི་ཕྱོགས་ལ་གོམས་པ་སྤོ་དགོས་ཀྱི་རེད་བསམ་གྱི་འདུག དེ་འདྲ་གནང་རྒྱུ་འགྲོ་སོང་ཆེན་པོ་ཡིན་ནའང་དེའི་ཕྱོགས་སུ་འབད་བརྩོན་གནང་དགོས་ཀྱི་རེད་སྙམ་གྱི་འདུག

འོན་ཀྱང་འཛམ་གླིང་དངུལ་ཁང་གིས་ཚོད་རྩིས་བྱས་པར་གཞིགས་ན་ཨར་ལས་ཀྱི་འགོ་འཛུགས་ནས་ཆ་རྐྱེན་དེ་དག་ཡོད་པ་བཟོས་ན་འགྲོ་སོང་འཕར་མ་བརྒྱ་ཆ་གཅིག་མ་གཏོགས་འགྲོ་ཡི་མ་རེད་ཅེས་གསུངས་ཡོད། དེའི་ནང་ཚུད་པ་བྱ་རྒྱུར་དགག་ཆ་བྱས་ཙང་འགྲོ་སོང་ཆེ་བ་ཆགས་ཀྱི་ཡོད། དགོན་པ་དང་སློབ་གྲྭ་གཉིས་ནི་སྡེ་ཚན་གལ་ཆེ་ཤོས་གཉིས་ཡིན་པར་བརྟེན་བོད་པའི་སྤྱི་ཚོགས་དེ་དབང་པོའི་ནུས་པ་ཉམས་པ་ཚོར་ཕན་པའི་སྤྱི་ཚོགས་བཟོ་རྒྱུར་འགྲོ་འོང་སོགས་ཆ་རྐྱེན་ལྡན་པ་ཞིག་བཟོ་རྒྱུར་ཡར་རྒྱས་གང་གཏོང་དགོས་ཀྱི་རེད། དཔེར་ན་ཨ་རིའི་ནང་ཆ་མཚོན་ན་སྤྱི་ཚོགས་ཀྱི་བེད་སྤྱོད་སའི་སྡེ་ཚན་ཚང་མར་ཁྲིམས་ཐོག་ནས་འགྲོ་འོང་སོགས་ཆ་རྐྱེན་ལྡན་པ་བཟོ་དགོས་ཀྱི་ཡོད། བོད་པའི་སྤྱི་ཚོགས་ནང་དགོན་པ་དང་། སློབ་གྲྭ། གཞུང་གི་ལས་ཁུངས་སོགས་ལ་དབང་པོའི་ནུས་པ་ཉམས་པ་ཚོར་སྟབས་བདེའི་ཆ་རྐྱེན་དེ་དག་མེད། དེ་ཡིན་དུས་ང་ཚོ་གང་འདྲ་བྱེད་དགོས་རེེད།

བཀའ་ལན། ཨ་རིའི་ནང་བསྐྱོད་སྐབས་འགྲུལ་བཞུད་མེ་འཁོར་བབས་ཚུགས་ནང་ཡར་འདེགས་སྐས་འཛེག་དང་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་སོགས་ལ་དབང་པོའི་ནུས་པ་ཉམས་པ་དང་ལོ་ན་བགྲེས་པ་ཚོར་དམིགས་བསལ་རྐུབ་སྟེགས་ཟུར་བཅད་འདུག ཉེ་དུས་སན་ཧྥི་རན་སི་སི་ཁོའི་ཉོ་འོང་གི་ཇའི་ལྡུམ་ར་ཞེས་པར་བསྐྱོད་སྐབས་ངས་འཁར་རྒྱུགས་བེད་སྤྱོད་བྱེད་ཀྱི་ཡོད་སྟབས་ལག་འཁྱེར་ཉོ་དགོས་ཀྱི་མི་འདུག དེ་དག་ནི་ཨ་རིའི་ནང་མཐོང་བའི་ཉམས་ལེན་བཟང་པོ་འགའ་ཞིག་རེད། རྒྱ་གར་ནང་དགོན་པ་ཚོ་འགྲོ་འོང་སོགས་ཀྱི་ཆ་རྐྱེན་ལྡན་པ་བཟོ་རྒྱུར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་བརྒྱུད་ནས་ཡོང་དགོས་པ་དང་། ཆོས་རིག་ལས་ཁུངས་ལ་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་དགོན་སྡེ་ཚོར་བཀའ་ཁྱབ་གནང་རྒྱུར་དབང་ཚད་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལ་དགོན་པ་གྲྭ་ཚང་ཚོས་གུས་བརྩི་གནང་གི་རེད་བསམ་གྱི་འདུག

མཐའ་མ་དབང་པོ་ཉམས་པ་ཚོའི་ཐོབ་ཐང་དང་དེ་མིན་ཐོབ་ཐང་གཞན་ཇི་འདྲ་ཞིག་ཡིན་རུང་ཁ་ཁུ་སིམ་པོར་གནས་ཐབས་མེད། ཨ་རིའི་ནང་མི་རིགས་འདྲ་མཉམ་དང་། ཡང་ན་ཆོས་ལུགས་དང་ཆོས་སྡེ་ཚང་མ་འདྲ་མཉམ་གྱི་ཐོབ་ཐང་ཆེད་འཐབ་རྩོད་བྱེད་ཀྱི་ཡོད། ངའི་ཡིད་ཆེས་ལ་སོ་སོའི་ཐོབ་ཐང་ལ་སོ་སོས་རྩོད་དགོས་པ་ཡིན། དབང་པོའི་ནུས་པ་ཉམས་པ་ཚོའི་ཐོབ་ཐང་ཐད་གཞན་པ་ཚོས་གལ་ཆེའི་འགན་འཁུར་ལེན་དགོས་པ་ཡིན། འོན་ཀྱང་དང་པོ་དབང་པོའི་ནུས་པ་ཉམས་པ་ཚོ་མདུན་དུ་ཐོན་ནས་རྩོད་དགོས། འཛམ་གླིང་ནང་དཀའ་ངལ་སེལ་མ་ཐུབ་པའི་གནད་དོན་གང་ཡང་མེད། ངའི་ཡིད་ཆེས་ལ་དཀའ་ངལ་ཚང་མར་ཐབས་ལམ་ཡོད་རེད་སྙམ་གྱི་འདུག

མཇུག་ཏུ་ང་ཚོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་ནུས་པ་ཞན་པའི་མི་མང་བདག་པོ་རྒྱག་ཐུབ་མིན་ལ་རག་ལས་ཡོད་པ་དང་། སྐྱེ་བོ་ཞིག་གིས་སྤྱོད་ཚུལ་ངོ་མ་དེ་རང་ཉིད་ལས་གནས་སྟངས་ཞན་པ་ཞིག་ལ་རོགས་སྐྱོར་བྱེད་ཐུབ་མིན་ནས་ཚད་འཇལ་དགོས། ད་ལྟ་བར་དུ་དབང་པོ་སྐྱོན་ཅན་ཚོས་སྤྱི་ཚོགས་ཐོག་ངོ་ཚ་ཉོས་པ་ང་དང་། མཐོང་ཆུང་ཁྱད་གསོད་བཟེད་པ། སེམས་ལ་བཀའ་ངལ་འཕྲད་པ་བཅས་ང་ཚོས་གཅིག་གིས་གཅིག་ལ་རྔན་པ་སྤྲད་པ་དང་དགོངས་དག་ཞུས་པ་ཡིན་ན་ཡང་དག་ཏུ་མེད་པ་ཞིག་རེད།

ང་ཚོས་བྱེད་ཐུབ་པ་དེ་ནི་མི་སྒེར་སོ་སོས་དབང་པོའི་ནུས་པ་ཉམས་པའི་སྐྱེ་བོ་ཞིག་གི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་མདུན་བསྐྱོད་ཀྱི་ཆོད་སེམས་དང་དམ་བཅའ་འཇོག་དགོས་པ་མ་ཟད། གནད་དོན་དེ་གཞི་རྒྱ་ཆེ་བའི་སྒྲོམ་གཞིའི་ནང་འཇོག་དགོས་པ་ཡིན། བྱམས་བརྩེ་དང་ཞི་བའི་རིག་གཞུང་ནང་གནད་དོན་དེ་འཇོག་མ་ཐུབ་པ་ཡིན་ན་བདེ་སྐྱིད་དང་གུས་བཀུར། བཟོད་བསྲན་ལྡན་པའི་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་དོན་བསྒྲུབ་ཐུབ་དཀའ་བ་ཡིན། ཁོང་ཚོའི་ཐོབ་ཐང་ནི་ང་ཚོས་འཐབ་རྩོད་བྱེད་བཞིན་པའི་རང་དབང་དང་ཐོབ་ཐང་གི་མཁའ་རླུང་ལས་གལ་ཆེ་བ་མིན་ནའང་ཛ་དྲག་ཆུང་བ་མིན།  ང་ཚོའི་སྤྱི་ཚོགས་དེ་ཡང་དག་པ་ཞིག་མ་བྱུང་བར་ང་ཚོའི་མཐའ་མའི་དམིགས་ཡུལ་བསྒྲུབ་རྒྱུར་ལམ་ལྷོང་ཡོང་རྒྱུ་མིན་པ་དང་། སྤྱི་ཚོགས་ཡང་དག་པ་ཞིག་ནི་སྐྱེ་བོ་ཚང་མ་ལ་བདེ་སྐྱིད་དང་དོན་ལྡན་གྱི་མི་ཚེ་སྐྱེལ་ཆོག་པ་ཡིན། བསྟན་འཛིན་བདེ་སྐྱིད་ནས།

བོད་ཡིག་ཏུ་བསྒྱུར་མཁན། ཟླ་བ་དར་རྒྱས།

བློ་འདྲི་ས། དཀོན་མཆོག་འཕེལ་རྒྱས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||