ཆུ་སྒང་སྒྲིག་འཛུགས་ཀྱི་དར་རྒུད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༩༦ ཕྱི་ལོ་ ༢༠༡༤/༦/༢༥
མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ཉིད་སྒྲིག་འཛུགས་གཞན་དང་མི་འདྲ་བར། རྒྱལ་བསྟན་མི་རིགས་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་ཚོད་ཕྱི་ལོ་༡༩༥༨ ལོའི་ཟླ་༦ ཚེས་༡༦ ཉིན་བཙུགས་པའི་དྲག་པོའི་དམག་གི་སྒྲིག་འཛུགས་ཤིག་ཡིན། སྒྲིག་འཛུགས་འདིའི་ནང་དུ་ཞུགས་མཁན་རྒྱལ་གཅེས་དཔའ་བོ་གང་མང་ཞིག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་ཡོད་ལ། སྐབས་དེར་རང་མགོ་གང་ཐོན་བྱ་བ་ལས་སྤྱི་པའི་ཆེད་དུ་བློས་གཏོང་བྱེད་དཀའ་ནའང། མི་མང་པོ་ཞིག་རྒྱ་གར་གྱི་ས་ཆ་ཀ་ལི་སྤུངས་ནས་ཆེད་དུ་ཡོང་སྟེ་སྒྲིག་འཛུགས་འདིའི་ཁོངས་སུ་འཛུལ་ཞུགས་བྱས་ཡོད། དགྲ་བོ་རྒྱ་དམར་དང་སྔ་རྗེས་འཐབ་འཛིངས་གང་མང་བྱས་ཤིང་ལྷོ་ལམ་གཙང་སེལ་བྱས་ཏེ་༧གོང་ས་༧མཆོག་དང་བོད་མི་གང་མང་ཞིག་བཙན་བྱོལ་དུ་སླེབས་ཐུབ་པ་བྱུང་ཞིང། བོད་དོན་འཐབ་རྩོད་དང། བོད་པའི་ཆོས་དང་རིག་གནས་བཅས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཐུབ་པ་བྱུང་ཡོད།

བཙན་བྱོལ་དུ་སླེབས་པའི་རྗེས་སུའང་གློ་སྒྲིག་འཛུགས་གསར་འཛུགས་བྱས་ནས་དགྲ་བོར་འཇབ་རྒོལ་ཐེངས་མང་བྱས་ཡོད་པ་དང། དམག་སྒར་ཨང་༢༢ པ་གསར་འཛུགས་བྱས་ནས་ཀྱང་བློས་གཏོང་གང་མང་བྱས་ཡོད། སྒྲིག་འཛུགས་འདི་གཉིས་ཀྱི་ནང་དུ་ཚོགས་པ་འདིའི་ཁོངས་གཏོགས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་སོགས་སྔ་རྗེས་སུ་དཀའ་ངལ་རབས་དང་རིམ་པ་འཕྲད་ཡོད་པ་རེད། གང་ལྟར་ལོ་རྒྱུས་ཀྱི་གནད་དོན་འདི་ལ་ཕྱིར་བལྟས་བྱས་ཚེ་ཛ་དྲག་པའི་དུས་སྐབས་དེ་དག་ཏུ་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ཉིད་བློས་གཏོང་བྱས་པ་ནི་ལྷག་བསམ་འབའ་ཞིག་ལས། གང་ཟག་སྒེར་སོ་སོའི་ཁེ་ཕན་ཞིག་ཏུ་དམིགས་མེད་པ་ཧ་ཅང་གསལ་པོར་མཐོང་ཐུབ། འདས་པའི་མི་ལོ་ལྔ་བཅུ་ཙམ་གྱི་གནས་སྟངས་དང་བསྡུར་ནས་བཤད་ན་དེང་སྐབས་བོད་པའི་སྤྱི་ཚོགས་ནང་བློས་གཏོང་བྱེད་མཁན་གྱི་མི་སྣ་ཉུང་དུ་སོང་ཡོད་པ་དང། མ་འོངས་པར་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དམའ་མོ་ད་ལྟ་ལས་ཀྱང་ཉུང་དུ་འགྲོ་ངེས་རེད།

གློ་སྒྲིག་འཛུགས་འཐོར་རྗེས་བཙན་བྱོལ་ནང་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་སྔ་རྗེས་སུ་རྩོད་རྙོག་གང་མང་ཞིག་བྱུང་མྱོང་ཞིང། སྐབས་རེ་རྟ་མཐོ་བ་དང། སྐབས་རེ་གད་པ་མཐོ་ཟེར་བའི་དཔེ་ལྟར་སྒྲིག་འཛུགས་འདིའི་སྔ་རྗེས་སུ་འགན་ཁུར་མཁན་དག་སྐབས་རེ་ཁག་ཅིག་དཀར་ཕྱོགས་པ་ཆགས་པ་དང། སྐབས་རེ་དཀར་ཕྱོགས་པ་དེ་དག་ཀྱང་ནག་ཕྱོགས་པ་ཆགས་པ་སོགས་སྐྱིད་སྡུག་རྒོ་བོའི་ཚ་ཚིགས་ཟེར་བ་བཞིན་དར་རྒུད་སྣ་ཚོགས་ཤིག་བྱུང་མྱོང་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་ཁག་ཅིག་གིས་རྒྱུ་མཚན་གང་ཡིན་གསལ་པོ་མི་ཤེས་ཀྱང་ཆུ་བཞི་སྒང་དྲུག་ཅེས་པའི་མིང་འདི་ཉིད་རང་བཞིན་གྱིས་ནག་པོ་ཞིག་ཏུ་བརྩི་བ་དང། འདིའི་འགན་ཁུར་མཁན་དག་ཀྱང་ནག་པོ་ནག་རྐྱང་དུ་བརྩི་མཁན་ཡང་ཡོད་པ་རེད། དེ་བཞིན་སྔ་རྗེས་ཀུན་ཏུ་སྒྲིག་འཛུགས་འདི་ཉིད་གཞན་ལས་གལ་ཆེ་བར་བརྩིས་ནས་རྗེས་སུ་འབྲངས་མཁན་གྱི་མི་སྣ་མང་པོ་ཞིག་ཀྱང་ཡོད་ཡོད་པ་རེད།

བཙན་བྱོལ་ནང་སྒྲིག་འཛུགས་འདིའི་ཐོག་མའི་དམིགས་ཡུལ་དེ་དུས་ཐུང་ནང་འགྲུབ་ཐབས་མེད་པ་དང། གནས་ཡུལ་གཞུང་གི་ཁྲིམས་དང་མཐུན་པའི་ཐོག་ནས་རྒྱ་གར་གཞུང་ལ་བདེ་དོན་ཚོགས་པའི་ངོ་བོར་དེབ་སྐྱེལ་ཞུས་ཤིང། དེ་ནས་བཟུང་ཚོགས་པ་འདིའི་ཁ་ཕྱོགས་ཀྱང་ཆོས་དང་རིག་གནས་སོགས་སྤྱི་ཚོགས་ཞབས་ཞུའི་ཐོག་བསྒྱུར་ཡོད་པ་དང། ཆུ་སྒང་༥༠ དུས་དྲན་སྲུང་བརྩི་ཞུས་པའི་སྐབས་ནས་མཐོ་སློབ་ཡོན་སྤྲོད་རྒྱུའི་ཐོག་ལ་གོམ་པ་ཐོག་མ་སྤོས་ཤིང། དེ་ནས་བཟུང་རིམ་བཞིན་ཡར་རྒྱས་སུ་བཏང་ནས་ད་ལྟའི་ཆར་སློབ་ཕྲུག་བརྒྱ་ལ་ཉེ་བར་མཐོ་སློབ་སློབ་ཡོན་གྱི་ཐོག་ནས་རོགས་རམ་བྱེད་བཞིན་པ་རེད། དེ་བཞིན་དོན་གྲུབ་གླིང་གཞིས་ཆགས་སུ་ཆུ་སྒང་རྒས་གསོ་ཁག་གསར་འཛུགས་བྱས་ནས་མི་ལོ་༢༠ ལ་ཉེ་བ་དང། རྒན་རྒོན་རྣམས་ལ་མཐུན་རྐྱེན་ཟས་གོས་གནས་མལ་སོགས་ནར་གཏོང་བྱེད་བཞིན་པ་མ་ཟད། ལོ་འདི་ནས་བཟུང་རང་ཁོངས་འཚོ་བ་སྐྱོ་བའི་རྒན་རྒོན་༡༠༠ ལ་འཚོ་སྣོན་ཆེད་ལོ་རེར་ཧིན་སྒོར་༦༠༠༠ རེ་ཡང་སྤྲོད་རྒྱུ་མགོ་འཛུགས་བྱས་ཡོད་པ་རེད།

མདོར་ན་སྤྱི་ཚོགས་ནང་བསྟོད་སྨད་ག་འདྲ་ཞིག་བྱས་ཀྱང། སྒྲིག་འཛུགས་འདི་ཉིད་གཞན་དང་མི་འདྲ་བར་ལས་དོན་གང་མང་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། དྲག་པོའི་སྒྲིག་འཛུགས་ནས་སྤྱི་ཚོགས་བདེ་དོན་གྱི་ཚོགས་པར་བསྒྱུར་པའི་སྔ་རྗེས་གང་དུའང་གཞན་དང་མི་འདྲ་བར་མདུན་བསྐྱོད་བྱས་ཡོད་པ་ནི་ཧ་ཅང་གསལ་པོ་རེད། སྐབས་རེ་རྩོད་རྙོག་གང་མང་བྱུང་ཡོད་ནའང། དེང་སྐབས་ཆུ་སྒང་གི་དབུས་རྒྱུན་རྣམས་ཀྱང་རྒྱ་བལ་འབྲུག་གསུམ་ཁུལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་མང་གཙོའི་ལམ་སྲོལ་ལྟར་རྒྱལ་ཡོངས་འོས་འདེམས་བྱེད་བཞིན་པ་ནི་ཀུན་གྱིས་མིག་དཔེར་འོས་པ་ཞིག་དང། རྒྱུན་ལས་དེ་དག་ཀྱང་སྐབས་གཉིས་ལས་ལྷག་མུ་མཐུད་དུ་སྡོད་མི་ཆོག་པ་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་གྱུར་ཡོད། བཟང་ཕྱོགས་ཀྱི་གྲུབ་འབྲས་ག་འདྲ་ཞིག་ཡོད་པ་དེ་གླེང་ཙམ་ཡང་བྱེད་མཁན་མེད་པར། ལོ་རྒྱུས་ཀྱི་ལེའུ་ནག་པོ་ནག་རྐྱང་བཟོ་ཐབས་བྱེད་མཁན་ཡོད་པ་ནི་སྤྱི་ཚོགས་འདིའི་ཆོས་ཉིད་ཡིན་པ་དང། མ་འོངས་པར་མུ་མཐུད་གོང་གསལ་ལས་དོན་ཁག་གི་ཐོག་ལ་སྔར་ལྷག་ཧུར་བརྩོན་བྱེད་ཐུབ་ན། ཚོགས་པ་འདིའི་དམིགས་ཡུལ་འགྲུབ་པའི་ཆ་རྐྱེན་དུ་རང་བཞིན་གྱིས་འགྱུར་ངེས་རེད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||