ཐའེ་ཝན་ལ་ད་ལྟ་རྒྱ་ནག་གིས་ངོ་སོ་ཆེན་པོ་སྤྲད་བསྡད་ཡོད་པ་རེད།

ཟླ་འདིའི་ཚེས་༧ ཉིན་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅུང་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་སྲིད་འཛིན་གྱི་མིང་ཐོག་མ་ཡིན་པའི་ཐུག་འཕྲད་བྱས་ཏེ། གྲོས་མོལ་བྱས་ཡོད་པ་རེད།

ད་ལྟ་ཐའེ་ཝན་གྱི་གཞུང་གོ་མིན་ཏང་ཚོགས་པས་བཟུང་ཡོད་པ་དང་། ཁོང་ཚོ་རྒྱ་ནག་དང་ཉེ་ཕྱོགས་དང་། ཐའེ་ཝན་མང་གཙོ་ཡར་ཐོོན་ཚོགས་པ་ཐའེ་ཝན་རང་བཙན་རྒྱལ་ཁབ་ཀྱི་ལྟ་བ་ཤུགས་ཆེ་བ་འཛིན་མཁན་ཡིན་པ་རེད།

འགོ་ཁྲིད་གཉིས་ཐུག་འཕྲད་སྐོར་ལ་བོད་མི་མང་སྤྱི་འཐུས་དང་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལ་བཅར་འདྲི་བྱས་ཡིན།

དྲི་བ། ཕྱི་ཟླ་༡༡ ཚེས་༧ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅུང་གཉིས་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་སྲིད་འཛིན་གྱི་མིང་ཐོག་ནས་མ་ཐུག་པར། ཕན་ཚུན་འདྲ་མཉམ་གྱིས་ཐུག་ཡོད་པ་དེས་ངོ་བོ་མཚོན་དོན་ག་རེ་རེད་དམ།

Kalsang_Gyaltsenལན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅུང་གཉིས་སེངྒྷ་པུར་དུ་རྒྱལ་ཁབ་ཀྱི་ཤང་གྷི་རི་ལ་མགྲོན་ཁང་དུ་ཐུག་པ་རེད། ཁོང་གཉིས་ཐུག་སྐབས་གོ་གནས་དེར་ཚོར་བ་རྣོན་པོ་ཆགས་ཀྱི་ཡོད་པ་དང་། གལ་སྲིད་སྔོན་མ་ཐུག་པ་ཡིན་ན་ཁོང་གཉིས་ཆབ་སྲིད་ཚོགས་པའི་མིང་ཐོག་ནས་ཐུག་རྒྱུའི་གོ་སྐབས་ཡོད་རེད། ཡིན་ནའང་ན་ནིང་ཐའེ་ཝན་གྱི་འོས་ཤོག་སྐབས་གྲོང་ཁྱེར་དང་རྫོང་གི་ནང་གོ་མིན་ཏང་ལ་ཕམ་ཉེས་ཆེན་པོ་བྱུང་ནས། མཱ་ཡེན་ཅུང་གོ་མིན་ཏང་ཚོགས་གཙོ་ནས་དགོངས་པ་ཞུ་དགོས་བྱུང་བ་རེད། ད་ལྟ་ཚོགས་པ་གཉིས་ཀྱི་ཚོགས་གཙོའི་མིང་ཐོག་ནས་ཐུག་རྒྱུའི་གོ་སྐབས་མེད་པ་རེད། སྲིད་འཛིན་གྱིས་མིང་ཐོག་ནས་ཐུག་དགོས་དུས། རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་འཛིན་ས་གནས་ཀྱི་འགོ་ཁྲིད་ཟེར་བ་ལས། སྲིད་འཛིན་ལ་ངོས་ལེན་མེད་པ་དང་། ཐའེ་ཝན་ཡིན་ནའང་རྒྱ་ནག་གཅིག་ཟེར་བའི་རྒྱ་ནག་མི་སེར་རྒྱལ་ཁབ་ཁོང་ཚོ་ཡིན་ཟེར་གྱི་ཡོད་པས། ད་ཐེངས་ཐུག་པ་དེ་ཁོང་གཉིས་ཀ་སྐུ་ཞབས་ཀྱི་མིང་ཐོག་ནས་ཐུག་པ་དང་འདྲ་མཉམ་གྱི་ངོ་བོ་མཚོན་གྱི་ཡོད་པ་རེད། དེ་བཞིན་ཐའེ་ཝན་ལ་ཁ་སང་དེ་རིང་རྒྱ་ནག་གིས་ངོ་སོ་ཆེན་པོ་འདྲ་སྤྲད་བསྡད་ཡོད་པ་རེད།

དྲི་བ། ཁོང་གཉིས་ཐུག་སྐབས་ཐའེ་ཝན་གྱི་སྲིད་འཛིན་ཕེབས་སྟངས་དེ་ཚོ་ནམ་རྒྱུན་གྱི་སྲིད་འཛིན་ཕེབས་སྟངས་ལྟར་ཕེབས་མེད་པའི་གནས་ཚུལ་འདུག་ན། ཞི་ཅིན་ཕིང་ཡང་དེ་ལྟར་ཕེབས་ཡོད་པ་རེད་དམ།

ལན། ཐུག་དགོས་པ་དེ་དང་པོ་རྒྱ་ནག་གཞུང་གིས་རེ་བ་བཏོན་པ་རེད། རེ་བ་དེ་འདྲ་འདོན་དགོས་པ་ཡང་ལོ་རྗེས་མའི་ཕྱི་ཟླ་༡ པོའི་ནང་ཐའེ་ཝན་གྱི་འོས་བསྡུ་སླེབས་ཀྱི་ཡོད་པ་དང་། མི་མང་གི་བསམ་ཚུལ་ལ་བལྟས་ན་སྐབས་དེར་གོ་མིན་ཏང་ལ་ཕམ་ཉེས་ཡོང་རྒྱུ་ཡིན་པ་ཡང་གཏན་ཁེལ་ཚར་བ་འདྲ་རེད། ༢༠༠༨ ལོ་ནས་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅུང་གིས་བྱས་ནས་རྒྱ་ནག་མཉམ་དུ་ཐག་ཉེ་བོ་ཡོང་རྒྱུའི་སྲིད་ཇུས་མང་པོ་ཞིག་བཟུང་བ་ལ་བརྟེན་ནས་གོ་མིན་ཏང་ལ་ཕམ་ཉེས་བྱུང་བ་རེད་ཟེར་གྱི་ཡོད་པ་རེད། རྒྱ་ནག་གུང་ཁྲན་ཏང་ལ་མཚོན་ན་ད་ལྟ་མཱ་ཡེན་ཅུང་གིས་སྲིད་འཛིན་བྱེད་རྒྱུ་ཟླ་བ་ཁ་ཤས་ལྷག་ཡོད་པ་དེའི་རིང་མཉམ་དུ་ཐུག་ཐབས་བྱེད་མ་ཐུབ་ན། མཱ་ཡེན་ཅུང་ལ་ལོ་བརྒྱད་རིང་གྲུབ་འབྲས་སྣ་གཅིག་སྟོན་རྒྱུ་མེད་པ་ཆགས་ཡོང་གི་རེད། རྒྱ་ནག་གིས་ཐའེ་ཝན་གྱི་ཡོང་རྒྱུའི་འོས་ཤོག་ལ་འགྱུར་བ་འགྲོ་རྒྱུའི་ཆེད་དུ་ཚུར་ཐུག་རྒྱུའི་རེ་བ་བཏོན་པ་གསལ་པོ་ཆགས་ཡོང་གི་རེད། ཐུག་སྟངས་དེ་ཡང་སེངྒྷ་པུར་ནས་ཐུག་དགོས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡང་ཡོད་རེད། ཐུག་སྟངས་ཀྱང་ཐོག་མར་གཉིས་ཀ་མགྲོན་ཁང་དུ་སླེབས་པ་དང་། དེ་ནས་གསར་འགོད་པ་དྲུག་བརྒྱ་ལྷག་སླེབས་ཡོད་པ་མ་ཤོང་ནས་རྗེས་སུ་གསར་འགོད་པ་བཞི་བརྒྱ་ལྷག་གི་སྔོན་དུ་འདྲ་མཉམ་གྱི་ལག་པ་བཏང་ཡོད་པ་དང་། ལོ་དྲུག་ཅུ་ལྷག་གི་རིང་ཐུག་པ་དང་པོ་ཡིན་པས་ལག་པ་བཏང་བ་དོན་སྙིང་ཆེན་པོར་བརྩི་ཡི་ཡོད་རེད། ཕར་འགྲོ་སྐབས་ཀྱང་མཐོ་དམན་མེད་པར་སོང་བ་དང་ནང་དུ་ཕན་ཚུན་གཉིས་ཀྱི་མི་དྲུག་རེ་དང་ཁོང་གཉིས་དང་བདུན་རེ་བདུན་རེ་བྱས་ནས་རྒྱ་ཁབ་གཅིག་པ་གཅིག་རྐྱང་ལྟར་ཐུག་པ་དང་། དགོང་མོའི་ཁ་ལག་ཟ་ས་ནས་ཀྱང་འདྲ་མཉམ་དུ་བསྡད་པ་སོགས་གོ་སྒྲིག་བྱེད་སྟངས་ལ་བལྟས་ན་རྒྱ་ནག་གིས་ཐའེ་ཝན་ལ་ངོ་སོ་གང་འཚམས་སྤྲད་ཡོད་པ་གསལ་པོ་རེད།

དྲི་བ། ཁོང་གཉིས་ཐུག་སྐབས་གཙོ་བོ་གྲོས་མོལ་ག་རེ་སྐོར་ལ་བྱུང་ཡོད་པ་རེད།

1222782
AFP

ལན། ཁོང་གཉིས་ཐུག་ཚར་རྗེས་གསར་འགོད་པའི་མདུན་དུ་སྐད་ཆ་བཤད་སྐབས། ཞི་ཅིན་ཕིན་གྱིས་ཐའེ་ཝན་དང་མཉམ་དུ་ལོ་བདུན་རིང་གི་འབྲེལ་བའི་གྲུབ་འབྲས་དེ་རིང་ཐོན་པ་དང་། ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་བ་དེ་སྤུན་མཆེད་ཀྱི་ཁྲག་གི་འབྲེལ་བ་ཡིན་པ། གནད་དོན་ཚང་མ་འགྲིག་ཐུབ་སྐོར་རེད། གཙོ་བོ་གཅིག་༡༩༩༢ ལོར་“ཐུན་མོང་གི་ངོས་འཛིན་”ཟེར་བ་ཞིག་ཡོད་རེད། དེ་ཕྱོགས་གཉིས་ནས་ཕྱེད་གཞུང་འབྲེལ་གྱི་ཚོགས་པ་གཉིས་བཙུགས་སྟེ། ༡༩༩༢ ལོར་ཐོག་མར་ཐའེ་ཝན་དུ་ཐུག་པ་དང་། ༡༩༩༣ ལོར་ཚོགས་པ་དེའི་ཚོགས་གཙོ་གཉིས་སེངྒྷ་པུར་ནས་ཐུག་པ་རེད། དེའི་སྐབས་རྒྱ་ནག་གཅིག་ཡིན་པ་ལས། རྒྱ་ནག་གཉིས་མེད་པ་དེ་ཐུན་མོང་གི་རྩ་དོན་རེད། ༡༩༩༢ ལོའི་ཐུན་མོང་གི་ངོས་འཛིན་ཞེས་པའི་དོན་དག་རྒྱལ་ཁབ་གཅིག་ཡིན་པ་ལ་སོ་སོས་འགྲེལ་བརྗོད་རྒྱག་རྒྱུ་དེ་རེད། རྒྱ་ནག་ཡིན་ན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་རྒྱ་ནག་ཡིན་པ་དང་། ཐའེ་ཝན་ཡིན་ན་མི་སེར་རྒྱལ་ཁབ་དེ་རྒྱ་ནག་རེད་ཅེས་སོ་སོས་འགྲེལ་བཤད་རྒྱག་རྒྱུ་དེ་རེད་མོད། རྒྱ་ནག་གུང་ཁྲན་ཏང་གིས་དེ་ལ་ཁས་ལེན་བྱས་མེད་པ་རེད། ད་ཐེངས་ཞི་ཅིན་ཕིང་ཡིན་ནའང་༡༩༩༢ ལོའི་ཐུན་མོང་གི་ངོས་འཛིན་ཟེར་བ་དེ་ཤུགས་ཆེན་པོ་བཤད་ཡོང་དུས། གང་འཚམས་འགྱུར་བ་ཆེན་པོ་ཐེབས་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མཱ་ཡེན་ཅུང་གིས་ག་རེ་བཤད་ཡོད་པ་རེད་ཟེར་ན། ཐའེ་ཝན་དེ་རྒྱལ་སྤྱིའི་ཚོགས་པ་ག་རེ་ཡི་ནང་དུ་སོང་ནའང་རྒྱ་ནག་གིས་བཀག་འགོག་མེད་པ་དང་དེའི་ཐོག་ཞུགས་ཆོག་པ། རྒྱ་ནག་གིས་འགོ་ཁྲིད་དེ་རྨང་གཞི་འཛུགས་སྐྲུན་གྱི་ཨེ་ཤི་ཡའི་དངུལ་ཁང་ཆེན་པོ་ཞིག་བཙུགས་ཡོད་པའི་ཚོགས་པའི་ནང་མཉམ་ཞུགས་ཆོག་པ་དེ་ཚོ་རེད། དེ་ཚོ་རྒྱལ་ཁབ་གཅིག་ལ་གཞུང་གཉིས་ཟེར་བ་དེ་རེད། དཔེར་ན་ཀོ་རི་ཡ་ལྟ་བུ་རེད། ལྷོ་བྱང་གཉིས་ཀའི་ཀོ་རི་ཡ་གཅིག་ཡིན་ཟེར་གྱི་ཡོད་པ་རེད་དེ། གཞུང་གཉིས་ཁག་ཁག་རེད། རྒྱལ་ཚོགས་ནང་ལ་གཉིས་ཀ་འགྲོ་ཡི་ཡོད་པ་རེད། དེ་ཚོའི་ཐོག་ཤུགས་སྣོན་ཞིག་རྒྱག་གི་ཡོད་པ་རེད། ཡིན་ཡང་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པས་དེ་ཕྱི་གསལ་ནང་གསལ་མེད་པ་དང་། ཐའེ་ཝན་གྱིས་དེའི་ཐོག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་མ་བཤད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

དྲི་བ། ཐའེ་ཝན་གྱི་ངོས་ནས་རྒྱ་ནག་ལ་ཚོང་གི་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་གཅིག་བྱེད་རྒྱུར་མོས་མཐུན་མེད་མཁན་ཡང་ཡོད་རེད། དེའི་ཐོག་ད་ཐེངས་ཀྱི་ཐུག་འཕྲད་དེས་ཕན་ནུས་ཡོང་གི་རེད་དམ།

ལན། ཐའེ་ཝན་གྱི་ནང་མཱ་ཡེན་ཅུང་གི་སྲིད་ཇུས་ལ་སྐྱོན་བརྗོད་ཆེ་ཤོས་ཚོང་འབྲེལ་ཤུགས་ཆེན་པོ་བྱས་ཏེ་ཐའེ་ཝན་རྒྱ་ནག་ལ་བརྟེན་དགོས་པ་ཞིག་བཟོས་ནས། ཐའེ་ཝན་གྱི་ཆབ་སྲིད་རང་དབང་ཤོར་ནས་རྒྱ་ནག་ལ་མགོ་སྒུར་དགོས་པ་ཞིག་ཡོང་ས་རེད་ཅེས་སྔོན་མ་ཐའེ་ཝན་གྱི་མཐོ་རིམ་སློབ་མ་ཚོས་ངོ་རྒོལ་བྱེད་དོན་དེ་རེད། མཱ་ཡོན་ཅུང་གིས་ཚོང་འབྲེལ་སྐོར་ཤུགས་ཆེན་པོ་བཤད་ཀྱི་ཡོད་པ་རེད་དེ། ཚོང་འབྲེལ་གཅིག་པུའི་ཐོག་འགྲོ་ཐབས་མེད་པ་དང་། དམིགས་བསལ་༢༠༡༦ ལོའི་ཐའེ་ཝན་གྱི་འོས་ཤོག་ལ་འགྱུར་བ་གཏོང་མི་ཐུབ་པ་གསལ་པོ་རེད། ཡིན་ཡང་གཅིག་དགུ་དགུ་བཅུ་གོ་གཉིས་གོ་གསུམ་ལོ་ནས་རིམ་པས་ཡོང་སྟེ། ད་ཐེངས་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཐུག་ཐུབ་པ་དེ་མ་འོངས་པའི་ལམ་ལུགས་ཤིག་ཆགས་ཀྱི་རེད། ཐའེ་ཝན་རང་བཙན་གྱི་ལྟ་བ་ཡོད་མཁན་ཡར་སླེབས་ནའང་རེད། སུ་སླེབས་ནའང་སྲིད་འཛིན་གཉིས་ཐུག་རྒྱུའི་ལམ་ཁ་དེ་བཟོས་ཟིན་པས། གཡོལ་ས་མེད་པ་རེད། མཱ་ཡེན་ཅུང་སྒེར་ངོས་ཡིན་ནའང་རྒྱ་ནག་གི་ལོ་རྒྱུས་དེད་ཡོང་ན། ལོ་རྒྱུས་ཀྱི་རྡོ་ཪིང་ཐོག་འབྲི་འོས་པ་ཞིག་བཟོས་པ་རེད་ཅེས་བཤད་མཁན་མང་པོ་ཡོད་པ་རེད། ཨ་རི་དང་ཉི་ཧོང་སོགས་ཀྱིས་ཀྱང་སྲིད་འཛིན་གཉིས་ཐུག་ཐུབ་པ་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཡིན་པར་ངོས་འཛིན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

དྲི་བ། ཁྱེད་ཀྱིས་བལྟས་ན་ཐུག་འཕྲད་འདིས་ཐའེ་ཝན་ལ་ཁེ་ཕན་དང་འགྱུར་བ་ཞིག་ཡོང་གི་རེད་དམ།

ལན། རྒྱ་དམར་ནག་གཉིས་ཀྱིས་མི་ས་ཡ་མང་པོ་གསོད་རེས་བྱས་པ་དང་། ཁྱོད་ཤི་ང་གསོན་གྱི་དགྲ་ཡོད་ན་མེད་ན་དེ་རེད་མོད། ཆབ་སྲིད་ཟེར་བའི་འགྱུར་བ་དེ་འདྲ་རེད། ཐའེ་ཝན་གྱི་ཁོང་ཚོར་ཡོད་པའི་རང་དབང་མང་གཙོ། ཁེ་ཕན་དེ་ཚོ་མ་བརླག་པའི་ཐོག་ནས་རྒྱལ་སྤྱིའི་ཐོག་གང་འཚམས་འགྲོ་ཐུབ་པ་ཞིག རྒྱ་ནག་མང་གཙོ་མ་ཆགས་བར་དུ་རྒྱ་ནག་གིས་ཐའེ་ཝན་གཅིག་གྱུར་བཟོ་ཐུབ་ཀྱི་མ་རེད། ཐའེ་ཝན་དེ་རྒྱ་ནག་མང་གཙོ་དང་རང་དབང་ཡོད་པར་མ་འགྱུར་བར་རྒྱ་ནག་མཉམ་པོར་འགྲོ་ཡི་མ་རེད། ཡིན་ཡང་ཆབ་སྲིད་པས་རྣམ་དཔྱོད་མཐོན་པོའི་ཐོག་ནས་མདུན་ཅོག་གཅིག་གི་ཐོག་ཞི་མོལ་འགྲོ་ཐུབ་པའི་གོམ་པ་དང་པོ་སྤོ་ཐུབ་པ་དེ་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ། བོད་པ་ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པ་དང་། བཙན་བྱོལ་གཞུང་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་བར་གྲོས་མོལ་ཐེངས་མང་བྱས་རེད་མོད། རྒྱ་ནག་གི་དཔོན་རིགས་མཐོ་ཤོས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་ཁྲིད་ལས་ཐུག་ས་རག་ཡོད་པ་མ་རེད། ཐའེ་ཝན་དང་བོད་པ་གཉིས་བར་ལ་ཁྱད་པར་ག་རེ་ཤོར་རེད་དགོངས་ཀྱི་འདུག

ལན། ཐའེ་ཝན་དང་རྒྱ་ནག་གཉིས་ཐོག་མར་༡༩༩༢ ལོ་ནས་ཐུག་པ་དང་། ད་ལྟ་ལོ་སུམ་ཅུ་ལྷག་འགྲོ་ཡི་ཡོད་རེད། དེ་བཞིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ཐའེ་ཝན་གྱི་ལས་དོན་ལས་ཁུངས་ཡོད་པ་དེ་དང་། ཐའེ་ཝན་གྱི་སྐམ་ས་ཆེན་མོའི་ལྷན་ཁང་གཉིས་བར་ཐེངས་མ་མང་པོ་ཐུག་པ་དང་། གཙོ་བོ་ཚོང་འབྲེལ་གྱི་སྐོར་ལ་བཤད་ཀྱི་ཡོད་རེད། ད་ལྟ་ཧོབ་སྟེ་སྲིད་འཛིན་གཉིས་ཐུག་པ་དེར་ཧང་སང་གི་ཡོད་རེད་མོད། ཧོབ་སྟེ་མགྱོགས་པོ་ཞེ་དྲག་ཐུག་པ་ཞིག་མ་རེད། ང་ཚོ་བོད་པ་ཡིན་ནའང་གཅིག་དགུ་བརྒྱད་ཅུ་གྱ་གྲངས་ནས་རྒྱ་ནག་མཉམ་པོར་མང་པོ་ཐུག་རེད་ལ། ༢༠༠༢ ལོ་ནས་ང་ཚོའི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་མཉམ་དུ་མང་པོ་ཐུག་པ་དེ་བརྒྱུད་རིམ་གཅིག་རེད། བར་ལམ་ནས་འབྲེལ་བ་ཆད་པ་རེད། སྔོན་མ་ཐའེ་ཝན་དང་རྒྱ་ནག་ཡང་འབྲེལ་བ་ཆད་རེད། ༡༩༩༧ ལོར་ཐའེ་ཝན་གྱི་འོས་བསྡུ་སྐབས། རྒྱ་ནག་གིས་མེ་ཤུགས་འཕུར་མདའ་མང་པོ་བརྒྱབ་སྟེ། ཐའེ་ཝན་གྱི་སྲིད་འཛིན་ལུའུ་ཏུན་ཧེ་འགོག་ཐབས་བྱས་པ་མ་ཟད། ཨ་རིའི་དམག་མི་ཐའེ་ཝན་གྱི་མཚོ་འགྲམ་དུ་འགྲོ་དགོས་ཁེལ་རེད། ཡིན་ཡང་ཐའེ་ཝན་གྱི་ལུའུ་ཏུན་ཧེ་འོས་ཤོག་ཚད་མཐོན་པོའི་སྲིད་འཛིན་ཐོབ་པ་མ་ཟད། དེའི་རྗེས་སུ་མང་གཙོ་ཡར་ཐོན་ཚོགས་པ་སྐབས་གཉིས་ལ་སྲིད་འཛིན་ཐོབ་པ་རེད། རྒྱ་ནག་གིས་ཐའེ་ཝན་རང་བཙན་བཤད་མཁན་ལ་དྲག་པོ་བྱས་ན་སྡུག་ཏུ་འགྲོ་ཡི་ཡོད་པ་ཧ་གོ་ནས། རྒྱ་ནག་གིས་ཁོང་ཚོར་ཐུག་རྒྱུའི་ཆབ་སྲིད་ལངས་ཕྱོགས་བསྟན་རེད། དེ་ལྟར་ཡིན་དུས་བོད་པ་ཡིན་ནའང་རྒྱ་ནག་གིས་དྲག་པོ་དང་ཚིག་རྩུབ་ཀྱི་རྣམ་འགྱུར་སྟོན་གྱི་ཡོད་ནའང་། དེ་ལྟར་གྲོས་མོལ་གྱི་གོ་སྐབས་རག་མི་སྲིད་པ་མ་རེད།

དྲི་བ། བོད་པའི་གོ་སྐབས་དེ་འདྲ་མ་རག་པའི་གནད་དོན་གཙོ་བོ་གང་ལ་ཐུག་རེད་དགོངས་ཀྱི་འདུག

ལན། ཐའེ་ཝན་དང་བོད་པ་གཉིས་འདྲ་སའི་ཆ་དང་མ་འདྲ་སའི་ཆ་ཡོད་རེད། ང་ཚོའི་ཞན་ཆ་དེ་ང་ཚོ་བཙན་བྱོལ་ཡིན་པས། ས་ཆ་ཡོད་པ་མ་རེད། ཐའེ་ཝན་གྱིས་ས་ཆ་བཟུང་ཡོད་པ་དང་། དམག་མི་ཡོད་པ་རེད། དཔལ་འབྱོར་སྟོབས་ཆེན་པོ་འདྲ་ཡིན་པས་རྒྱ་ནག་གང་འཚམས་བསྟུན་དགོས་པ་ཞིག་ཆགས་ཡོད་རེད། ང་ཚོ་བོད་པའི་ས་ཡོངས་རྫོགས་རྒྱ་ནག་གིས་བཟུང་ནས་ཁོང་ཚོའི་ལག་པར་ཡོད་རེད། ང་ཚོ་འཐབ་རྩོད་བྱེད་བཞིན་པ་དེ་བོད་ཕྱི་ནང་གཉིས་ཀྱི་མི་མང་གི་སེམས་ཤུགས་རེད། ད་ལྟ་ང་ཚོས་བཏོན་ཡོད་པའི་སྲིད་ཇུས་ཐོག་ཏུ་བརྟན་པོ་དགོས་པ། ནུས་པ་གོང་བུ་གཅིག་གྱུར་སྡོད་ཐུབ་ན་རྒྱ་ནག་གིས་བོད་ཀྱི་གནད་དོན་དེ་མ་སེལ་ན་འགྲིག་ས་མ་རེད་བསམ་པ་ཞིག་ཡོང་གི་རེད།

དྲི་བ། ད་ལྟ་ཐའེ་ཝན་དང་རྒྱ་ནག་བར་གྱི་ཐུག་ཕྲད་དེ་སེངྒྷ་པུར་དུ་ཐུག་པ་དང་། སེངྒྷ་པུར་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པས། བོད་པར་དེ་འདྲ་ཞིག་ཡོང་མ་ཐུབ་པའི་དོན་དག་དང་ཡོད་དགོས་པ་གལ་ཆེན་རེད་དམ།

ལན། སངྒྷ་པུར་དེ་རྒྱ་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྔོན་མ་༡༠༩༣ ལོར་རྒྱ་ནག་དང་ཐའེ་ཝན་གྱི་ཕྱེད་གཞུང་འགྲེལ་གྱི་ཚོགས་པའི་ཚོགས་གཙོ་གཉིས་ཐུག་སྐབས་ཀྱང་སེངྒྷ་པུར་ལ་ཐུག་ནས་ཕན་ཐོགས་བྱུང་ཡོད་པ་རེད། ང་ཚོའི་བར་དུ་རྒྱལ་ཁབ་གསུམ་པ་ཞིག་འཇོག་རྒྱུར་རྒྱ་ནག་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ལ་དེའི་སྤོབས་པ་དང་གདེང་ཚོད་ཡོད་པ་དེ་ང་ཚོའི་ས་ཆ་ཚང་མ་ཁོང་ཚོའི་ལག་ཏུ་བཟུང་ཡོད་པས། མགོ་མི་སྒུར་དྲན་གྱི་ཡོད་རེད། ང་ཚོའི་སྐུ་ཚབ་མཉམ་དུ་སྔོན་མ་ཐེངས་གཅིག་ལ་སུད་སི་ནས་གཅིག་ཐུག་རེད། དེའི་བར་ལམ་ཞིག་ནས་ཞི་ཅིན་ཕིང་དང་༧རྒྱལ་བ་རིན་པོ་ཆེ་ཐུག་ཐུབ་མིན་གྱི་སྐད་ཆ་རེད། དེ་ཚོའི་ཐོག་རྒྱལ་ཁབ་གསུམ་པ་བཞི་པ་ཞིག་ནུས་པ་འདོན་མཁན་ཡོང་ན་ཡག་པོ་རེད་དེ། ད་དུང་ང་ཚོར་དེ་འདྲ་ཡོང་ཁག་པོ་རེད་བསམ་གྱི་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||