དཔེ་ཀློག་སྒྲ་འཇུག །

མིའི་རིགས་ཀྱི་ཡར་རྒྱས་ཀྱི་རྩ་བ་བསམ་བློའི་གོ་རྟོགས་ལ་ཐུག་ཅིང་། བསམ་བློའི་བྲོ་ཁ་ནི། ཤེས་བྱ་སྣ་ཚོགས་ཤེས་རྒྱུ་དང་། དམིགས་བསལ་རིག་པ་སྣ་ཚོགས་རྙེད་རྒྱུ་དེ་རེད། ང་ཚོ་ལ་རིག་པ་དང་བསམ་ཚུལ་སོགས་ཤེས་བྱ་མང་པོ་ཞིག་དཔེ་ཀློག་བརྒྱུད་ནས་རག་དགོས་ཤིང་། དེའང་རང་གིས་དངོས་སུ་ཀློག་ཐུབ་ན་ལྷ་རབ་དང་། དེ་ལྟར་མ་བྱུང་ཡང་། གཞན་གྱིས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་ཀློག་པ་དག་སྒྲ་འཇུག་བྱས་ཏེ། དུས་སྐབས་ནམ་ཁོམ་ལ་ཉན་རྒྱུ་དེ་འདྲའི་མཐུན་རྐྱེན་ཡོད་ན། དེའང་དཔེ་ཀློག་རྒྱག་པ་དང་མཚུངས་པས། དཔེར་ན་རླངས་འཁོར་དང་། མེ་འཁོར། གནམ་གྲུ་སོགས་སུ་འགྲུལ་བཞུད་བྱེད་སྐབས་དེབ་ཀློག་རྒྱུ་སྟབས་བདེ་མེད་དུས་སྒྲ་འཇུག་ཉན་རྒྱུ་ཡོད་ན་ཧ་ཅང་ལེགས།

ད་དུང་ཡི་གེ་ཀློག་མི་ཤེས་པའམ། ཤེས་ཀྱང་མགྱོགས་པོར་ཀློག་མི་ཤེས༌པ་དང་། མགྱོགས་པོར་ཀློག་ཤེས་ཀྱང་དཀའ་ཚེགས་ལ་འཛེམས་པ་དང་། དེ་མེད་ཀྱང་དུས་མི་འགྲིག་པ་དག་ལ་ཕན་ངེས་པར་མ་ཟད། ཕྱི་རྒྱལ་ཁག་ལ་ནི་དེ་འདྲ་ཉན་རྒྱུའི་མཐུན་རྐྱེན་ཡང་ཡོད་འདུག་པས། རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་རེ་བོད་ལའང་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་སྣ་ཚོགས་དང་། ཐ་ན་སྒྲུང་གཏམ་ཡན་ཆད་ཀྱི་དཔེ་དེབ་ཁྲི་སྟོང་ཡོད་པ་དེ་ཚོ་སྒྲ་དག་གསལ་གསུམ་ཚང་བའི་ཀློག་མཁན་ལྷག་བསམ་ཅན་དག་གིས་མགྱོགས་དལ་རན་པར་སྒྲ་འཇུག་གནང་སྟེ། རྒྱ་ཆེའི་མང་ཚོགས་ལ་ཆོས་སྦྱིན་གནང་བའམ། ཡང་ན་ཚོང་ལས་སུ་བྱེད་ནའང་འགྲིག་མོད། གང་ལྟར་མཐུན་རྐྱེན་དེ་རིགས་ནི་དགོས་ངེས་སུ་མཐོང་བས། དེ་ལུགས་གནང་མཁན་འབྱུང་བའི་རེ་སྨོན་དང་འབོད་སྐུལ་ཞུ།
༢༠༡༧-༧-༢༠ ཉིན་རིགས་པའི་སྨྱུ་གུས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||