དབང་གི་དམིགས་ཡུལ་གཙོ་བོ་ནི་སེམས་འདུལ་རྒྱུ་དེ་རེད།

ཐུགས་རྗེ་ཆེན་པོའི་བཀའ་དབང་གི་དམིགས་ཡུལ་གཙོ་བོ་ནི། སེམས་མ་དུལ་བ་རྣམས་འདུལ་རྒྱུ་དེ་ཡིན་པ་དང་། འཚེ་བ་ཡོད་མེད་ནི་ཕྱིའི་ཅ་དངོས་ཀྱི་ཐོག་ནས་མ་ཡིན་པར་ནང་བསམ་པའི་འཛིན་སྟངས་ལ་ཐུག་ཡོད་སྐོར་༧གོང་ས་མཆོག་གིས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་༧ དང་སྐར་མ་༣༠ ནས་དབུ་འཛུགས་ཀྱིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་རྒྱུན་ཁྱེར་ཟབ་ལམ་སྙིང་པོའི་སྒྲུབ་ཐབས་ཀྱི་ཆོ་གའི་སྒོ་ནས་བཀའ་དབང་གསུངས་ཡོད་པ་དང་། དེར་བོད་པ་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་གི་དད་ལྡན་པ་སྐྱ་སེར་ཕོ་མོ་སྟོང་ཚོ་༣ ལྷག་འཛོམས་འདུག

དེ་ཡང་ཐོག་མར་བཀའ་དབང་གི་གོང་དུ་སྔོན་འགྲོའི་གསུང་ཆོས་སུ་༧གོང་ས་མཆོག་གིས་ད་ཐེངས་ཀྱི་བཀའ་དབང་དེ་སྤྱིར་མར་གྱུར་སེམས་ཅན་ཐམས་ཅད་་དང་། སྒོས་བོད་ཀྱི་བསྟན་སྲིད། ཡང་སྒོས་འཛམ་བུ་གླིང་མི་མང་དུང་ཕྱུར་༧༠ ལྷག་ཙམ་ཡོད་པ་ཐམས་ཅད་ཀྱི་སྤྱི་རིམ་ཡིན་སྐོར་གསུངས་སོང་ལ།

དེ་བཞིན་ཁོང་གིས་འཛམ་གླིང་ཐོག་ཏུ་བསམ་བློ་རྒྱ་ཆེན་པོ་དང་གཏིང་རིང་པོ་གཏོང་ཐུབ་མཁན་དེ་མི་གཅིག་པུ་ཡིན་པ་ལྟར། རྙོག་འཛིང་བཟོ་མཁན་ཡང་མི་ཉིད་ཆགས་ཡོད་སྐོར་དང་། འཇིག་རྟེན་གྱི་ཁམས་ལ་མུ་དང་མཐའ་མེད་དུས་དུད་འགྲོ་སེམས་ཅན་དང་འབུ་སྲིན་སེམས་ཅན་གྲངས་ལས་འདས་པ་ཡོད་པ་དེ་དག་གི་ཆེད་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་སྨོན་ལམ་འདེབས་རྒྱུ་ལས་གཞན་ཁ་ཡོད་ལག་ཡོད་ཀྱིས་ཕན་པ་རྒྱ་ཆེན་པོ་སྒྲུབ་ཐུབ་ཀྱི་མེད་སྟབས། བསམ་པ་བཟང་པོའི་སྒོ་ནས་ཁ་ཞེ་གཉིས་མེད་ངང་སྨོན་ལམ་འདེབས་རྒྱུ་གལ་ཆེ་ཡིན་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་མ་ཎི་བསགས་ནས་རིལ་སྒྲུབ་བྱེད་པ་དེ་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་འཛམ་གླིང་སྟེང་གི་སེམས་ཅན། དེའི་ནང་ནས་ཀྱང་འགྲོ་མིའི་རིགས་མང་པོར་མ་ཎི་རིལ་བུ་དེ་ཏན་ཏན་ཁྱབ་ཀྱི་ཡོད་དུས་ཚང་མས་གསོལ་སྨོན་ཡག་པོ་གནང་ནས་མ་ཎི་རིལ་སྒྲུབ་དེ་གནད་ལ་སྨིན་པོ་ཞིག་ཡོང་ཐབས་བྱེད་དགོས་སྐོར་དང་། དེ་བཞིན་མ་ཎི་རིལ་སྒྲུབ་ཀྱི་གོང་དུ་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་རྒྱུའི་རེ་སྐུལ་གཞན་སུས་ཞུས་མེད་ཀྱང་། ཁོང་རང་ཉིད་ནས་དེ་བྱུང་ན་ཡག་པོ་འདུག་དགོངས་ཏེ། དབང་བསྐུར་མཁན་དང་སྦྱིན་བདག་གཉིས་ཀ་གནང་བ་ཡིན་སྐོར་གསུངས་སོང་།

ཡང་༧གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་དམིགས་ཡུལ་གཙོ་བོ་ནི། སེམས་མ་དུལ་བ་རྣམས་འདུལ་རྒྱུ་དེ་ཡིན་སྐོར་དང་། དེ་བཞིན་འཚེ་བ་ཡོད་མེད་ནི་ཕྱིའི་ཅ་དངོས་ཀྱི་ཐོག་ནས་མ་ཡིན་པར་ནང་བསམ་པའི་འཛིན་སྟངས་ལ་ཐུག་ཡོད་པ་དང་། དེ་ཡང་གཙོ་བོ་སེམས་བརྒྱུད་ལ་བྱམས་སྙིང་རྗེ་ཡོད་མེད་ལ་ཐུག་ཡོད་པ། ཆོས་ལུགས་མི་འདྲ་བ་ཚང་མ་བྱམས་བརྩེ་གོང་འཕེལ་གཏོང་ཕྱིར་བྱུང་བ་ཡིན་ཚུལ། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་ཚང་མས་གཅིག་གྱུར་གྱིས་བྱམས་བརྩེ་གོང་འཕེལ་གཏོང་གི་ཡོད་སྐོར་དང་། དེ་བཞིན་ཆོས་ལུགས་ཚང་མའི་ནང་བྱམས་བརྩེ་གསུངས་ཀྱི་ཡོད་ཀྱང་ཞིབ་ཅིང་ཕྲ་བ་གསུང་མཁན་དེ་ནང་པའི་ཆོས་ཡིན་སྐོར། སྤྱོད་འཇུག་ལས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་གསུངས་པ་ལྟར་དེ་འདྲའི་སེམས་བསྐྱེད་ཀྱི་བརྩིས་ཟིན་པའི་ཐོག་ནས་དམིགས་པ་བྱས་ཏེ་བསྒོམས་རྒྱག་རྒྱུ་གལ་ཆེ་སྐོར།

དེ་བཞིན་༧གོང་ས་མཆོག་གིས་“ཚན་རིག་པས་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་སྙིང་རྗེའི་རང་བཞིན་ཅན་ཞིག་རེད་འདུག་ཟེར་དུས། ང་སེམས་ཤུགས་འཕར་བྱུང་། ཆོས་ཀྱི་ཐོག་ནས་དེ་བཤད་ཀྱི་ཡོད་རེད། མེའི་རང་བཞིན་ཚ་ཞིང་བསྲེགས་པ་དང་། ཆུའི་རང་བཞིན་རླན་ཞིང་བཤེར་བ་ཡིན་པ་ལ་བཟོ་བཅོས་གང་ཡང་གཏོང་རྒྱུ་མེད་པ་ནང་བཞིན། གལ་སྲིད་མིའི་རང་བཞིན་དེ་ཁོང་ཁྲོ་ཡིན་ཚེ་དེ་ལ་བཟོ་བཅོས་གཏོང་རྒྱུ་མེདཀྱང་། དེ་འདྲ་མ་ཡིན་པར་མིའི་རང་བཞིན་དེ་སྙིང་རྗེའི་རང་བཞིན་ཅན་ཞིག་ཡིན་དུས། ང་ཚོས་སློབ་གསོ་ཡང་དག་པ་ཞིག་བརྒྱབས་ནས་འཛམ་བུ་གླིང་འདི་ཞི་བདེ་བག་ཕེབས་ལྡན་པ་རུ་བཟོ་ཐབས་སུ་འབད་དགོས་རེད་”ཅེས་སོགས་གསུངས་སོང་།

ཡང་ཁོང་གིས་དབུ་ཚད་ཀྱི་གཞུང་ནང་གི་རིགས་པ་རྣམས་ལ་ཚན་རིག་པས་གདེང་འཇོག་བྱེད་ཀྱི་ཡོད་སྐོར་དང་། སྣང་རུང་མ་དམིགས་པའི་རྟགས་ལ་བརྟེན་ནས་གཙུག་ལག་ཁང་གི་ལྷ་ཁང་ནང་གླང་ཆེན་མེད་པ་རྟོགས་ཐུབ་པ་བཞིན། དབུས་ཀྱི་རི་རྒྱལ་ལྷུན་པོ་ཡང་རྟགས་དེ་ལ་བརྟེན་ནས་མེད་ངེས་ཡིན་པ་རྟོགས་ཐུབ་སྐོར་གསུངས་སོང་ལ། དེ་བཞིན་སྟོན་པ་རང་ཉིད་ཀྱི་ཞལ་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད་པ་ལྟར་ཡིན་མིན་གྱི་རྣམ་གཞག་གང་ལ་ཡང་དཔྱད་ཞིབ་དང་དོག་གཅོད་གནང་དགོས་སྐོར་དང་། “སྔོན་མ་བོད་གངས་ཅན་པའི་ལྗོངས་སུ་སངས་རྒྱས་པའི་བསྟན་པ་ཧ་ཅང་དར་ཡོད་པ་རེད་དེ། ཡིན་ནའང་། མང་ཚོགས་ཀྱིས་ཆོས་ཀྱི་འགྲོ་སྟངས་ཤེས་ཀྱི་ཡོད་པ་མ་རེད་ལ། རྒྱུ་མཚན་ལའང་དོ་སྣང་དང་སློབ་སྦྱོང་བྱེད་ཀྱི་མེད་པར། དད་པ་རང་བྱས་ནས་འགྲོ་བསྡད་ཡོད་པ་རེད། དེ་སངས་རྒྱས་པའི་ཆོས་ངོ་མའི་སྒང་ལ་ཕལ་ཆེར་སླེབ་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག”ཅེས་དང་།

མཇུག་ཏུ་དེ་སྔོན་ཐེངས་གཅིག་ལ་ཁོང་གི་གཟིམས་ལམ་ནང་། ༧གོང་ས་ལྔ་པ་ཆེན་པོའི་ཞལ་ཐང་ཞིག་འཇལ་ཡོད་པ་དང་། དེའི་ནང་ནས་ལྔ་པ་ཆེན་པོ་འབུར་ཚུགས་སུ་དོད་ནས་ཞལ་ཐང་ནས་ཚུར་ཕེབས་ཏེ་ཁ་བཏགས་འདོམ་པ་མང་པོ་ཡོད་པ་ཞིག་ཁོང་ལ་བསྐོན་བྱུང་བས་༧གོང་ས་སྐུ་ཕྲེང་རིམ་བྱོན་དང་ལས་སྨོན་གྱི་རྟེན་འབྲེལ་ཡོད་སྐོར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||