དབུ་མའི་ལམ་དེ་ནང་ཁུལ་མ་མཐུན་སར་བེད་སྤྱོད་གཏོང་དགོས་རེད་ཅེས་ཀིརྟི་རིན་པོ་ཆེས་གསུངས་སོང་།

“སྤྱི་ཚོགས་ནང་དུ་འཐབ་རྩོད་ལ་བསམ་ཚུལ་མ་འདྲ་བ་དང་། ལས་འགུལ་མ་འདྲ་བ་དགོས་ཀྱི་ཡོད་རེད། གཅིག་གིས་གཅིག་ལ་ཕན་ཚུན་གུས་ཞབས་དང་། གནས་སྟངས་ག་རེ་ཡིན་ཡང་བོད་མི་རིགས་ལ་ཕན་པ་ཞིག་ཡིན་ན་གཅིག་གིས་གཅིག་ལ་ཞབས་འདེགས་དགོས་པ་རེད་”ཅེས་སྤྱི་འཐུས་ཚོགས་གཙོསམཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གཞོན་ལྷན་ཚོགས་ཆེན་ཐོག་་གསུངས་སོང་།

ཟླ་འདིའི་ཚེས་༢༩ ནས་ཉིན་དྲུག་རིང་དྷ་རམ་ས་ལའི་ཤོད་ཀྱི་རྒྱ་གར་མི་མང་ཚོགས་ཁང་ནང་གཞོན་ལྷན་གྱི་ཚོགས་ཆེན་ཐེངས་༡༦ པ་འཚོགས་བཞིན་ཡོད་པ་དང་། དེའི་རིང་གཞོན་ལྷན་གྱི་མ་འོངས་ལས་དོན་བྱེད་ཕྱོགས་དང་། དབུས་རྒྱུན་གསར་འདེམས་བྱེད་དགོས་ཀྱི་ཡོད་པ་རེད།

tyc12016ཉིན་དེའི་སྔ་དྲོ་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ། སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་ཁག་ཅིག་དང་། གཞོན་ལྷན་དབུས་རྒྱུན་ཟུར་པ་ཁག་ཅིག ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རང་སྲེག་ངོ་རྒོལ་བ་འདས་པོ་རྡོ་རྗེ་ཚེ་རིང་གི་ཕ་ཐུབ་བསྟན་དང་། མ་ཉི་མ་གཡང་འཛོམས་སོགས་ཕེབས་ཡོད་པ་རེད། ཚོགས་ཆེན་ཐོག་གཞོན་ལྷན་གྱི་ས་གནས་ཁག་བཞི་བཅུ་ཙམ་གྱི་ཚོགས་མི་༡༤༠ ཙམ་ཚོགས་ཞུགས་བྱས་ཡོད་པ་དང་། ཐེངས་འདིར་རྒྱ་གར་ཀ་ཤི་མིར་ཏུ་ཡོད་པའི་བོད་མི་ཁ་ཆེ་བ་སྡོད་གནས་ནས་ས་གནས་གཞོན་ལྷན་བསྐྱར་གསོ་བྱུང་སྟེ། ཚོགས་ཞུགས་བྱས་ཡོད་པ་རེད།

ཉིན་དེར་གཞོན་ལྷན་གྱི་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དང་། རྩོམ་ཡིག་འགྲན་སྡུར་གྱི་གཟེངས་རྟགས། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས། རྒྱ་བལ་འབྲུག་གསུམ་ནང་གི་འཛིན་རིམ་༡༢ པའི་བོད་ཡིག་རྒྱུག་འབྲས་དང་པོའི་གཟེངས་རྟགས། སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་བཅས་སྤྲད་ཡོད་པ་རེད།

གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་གཏམ་བཤད་གནང་སྐབས། བོད་ཀྱི་གཞོན་ལྷན་ལ་ས་གནས་༨༠ ལྷག་ཡོད་པ་དང་། བོད་དོན་ཆེད་ཐབས་ཇུས་ལྡན་པའི་ཐོག་ནས་ལས་འགུལ་ཚད་མཐོ་རུ་གཏོང་རྒྱུའི་དུས་ཚོད་ལ་སླེབས་ཡོད་སྐོར་དང་འབྲེལ། ཁོང་གིས་གསུང་དོན། “གཞོན་ལྷན་སྒྲིག་འཛུགས་དེ་ཆོལ་ཁ་ཆོས་ལུགས་དབྱེར་མེད་དང་ཕོ་མོ་འདྲ་མཉམ་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་བྱེད་པའི་སྙིང་སྟོབས་ཡོད་ན། སྡིངས་ཆ་ཡོད་པས། གཞོན་སྐྱེས་ཚོས་ངེས་པར་དུ་གོ་སྐབས་དེ་ལེན་དགོས་རེད་”ཅེས། དེ་སྔོན་གཞོན་ལྷན་གྱིས་བོད་དོན་ཆེད་ལས་འགུལ་རིམ་པ་སྤེལ་སྐོར་དང་། གཞོན་སྐྱེས་མང་པོ་བསྐྱེད་བསྲིང་བྱས་ཡོད་སྐོར། “རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོ་ཞེས་པའི་དེབ་ནང་གཞོན་ལྷན་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་མ་ཉེས་ཁག་གཡོག་བྱས་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་མ་རེད། ང་ཚོས་ཞི་བའི་ལམ་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་གསལ་པོ་བཤད་རྒྱུ་ཡིན་”ཞེས་སོགས་གསུངས་ཡོད་པ་རེད།

tyc220168དམིགས་བསལ་སྐུ་མགྲོན་ཀིརྟི་རིན་པོ་ཆེས་ཁོང་ད་སྔ་བར་དུ་གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། གཞོན་ནུ་ཚོས་བོད་ཀྱི་རྩ་དོན་ཆེད་འགན་ཁུར་དགོས་སྐོར་དང་འབྲེལ་གཞོན་ལྷན་ནང་ཆིག་སྒྲིལ་དགོས་སྐོར་གསུང་དོན། “གཞོན་ལྷན་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་ནས་དཀའ་ངལ་ཕྲན་བུ་བྱུང་བ་རེད། གཞོན་ལྷན་ནས་ཕྱི་ལ་ཐོན་དང་། ཕྱི་ནས་ཡར་འཛུལ་མཁན་ཡང་ད་ལྟ་བྱུང་བ་རེད། ཚོགས་པ་ག་འདྲ་ཞིག་ཡིན་ནའང་རྡོག་རྩ་ཆིག་སྒྲིལ་དེ་གལ་ཆེ་ཤོས་རེད། རྡོག་རྩ་ཆིག་སྒྲིལ་མེད་ན་ཚོགས་པའི་ནུས་པ་བརླགས་འགྲོ་ཡི་རེད། ཕྱི་ལ་མ་ཐོན་པར་ནང་དུ་བསྡད་ནས་མཐུན་ལམ་ཡོང་ཐབས་སུ་ཤུགས་བརྒྱབ་ན་ཏན་ཏན་ཡོང་གི་རེད། ཕྱི་ལོག་ཏུ་ཐོན་ནས་ཁྱོད་དང་ང་བྱས་ཏེ་མཁྲེགས་པོ་བྱས་ནས་བསྡད་ན། རྒྱ་ནག་གུང་ཁྲན་གྱི་བྱེད་སྟངས་རེད། ཁོང་ཚོར་ཕྱོགས་གཅིག་ཕམ་དགོས་པ་ཕྱོགས་གཅིག་རྒྱལ་དགོས་པ་རེད། ང་ཚོ་དེ་མ་ཡིན་པར་ནང་ཁུལ་ལ་སྐད་ཆ་བཤད་ནས་མཐུན་པོ་བཟོ་དགོས་རེད། ༧རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གསུང་གི་ཡོད་པ་དང་། དབུ་མའི་ལམ་དེ་ནང་ཁུལ་ལ་བེད་སྤྱོད་གཏོང་དགོས་རེད། སྐད་ཆ་བཤད་ནས་འགྲིག་པ་བཟོ་བ་དེ་དབུ་མའི་ལམ་གྱི་གཙོ་བོ་རེད། ང་ཚོ་ཆོལ་ཁ་དང་ཆོས་ལུགས་ག་རེ་ཡིན་ཡང་རྡོག་རྩ་ཆིག་སྒྲིལ་དགོས་རེད་མ་གཏོགས། དེའི་ནང་མར་ཐོན་ཏེ་དབྱེ་བ་བཀལ་ན་ང་ཚོའི་ནུས་སྟོབས་ཉམས་འགྲོ་ཡི་རེད་”ཅེས་གསུངས་སོང་།

ཀིརྟི་རིན་པོ་ཆེས་མུ་མཐུད་སྲིད་ཇུས་ལ་འགྱུར་བ་འགྲོ་ཡི་ཡོད་སྐོར་གསུང་དོན། “རྒྱ་ནག་གུང་ཁྲན་ཏང་དང་གོ་མིན་ཏང་དམག་བརྒྱབ་རྗེས། གུང་ཁྲན་ཏང་རྒྱ་ནག་གི་བདག་པོ་ཡིན་པ་དང་། གོ་མིན་ཏང་རྒྱ་ནག་གི་བདག་པོ་ཡིན་པའི་བསམ་ཚུལ་གྱི་ཐོག་ནས་བསྡད་པ་རེད། ད་ལྟ་དེ་ལ་འགྱུར་བ་སོང་ནས་ཐའེ་ཝན་རང་བཙན་འདོད་མཁན་གྱི་རིགས་གཅིག་ཡོད་པ་དང་། རྒྱ་ནག་འོག་གི་ཧོང་ཀོང་ཡིན་ནའང་། རང་བཙན་འདོད་མཁན་ཡོང་གི་ཡོད་པ་རེད། ང་ཚོ་བོད་ལྟ་བུ་རང་བཙན་གཙང་མ་ཡིན་ནའང་། དབུ་མའི་ལམ་ལ་འགྲོ་དགོས་པའི་སྲིད་ཇུས་ལ་འགྱུར་བ་ཡང་འགྲོ་ཡི་ཡོད་རེད། སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་རེད། འགྱུར་བ་ག་རེ་འགྲོ་དགོས་མིན་སོ་སོས་བསམ་བློ་གཏོང་བ་དང་གྲོས་བསྡུར་བྱས་ན་ལམ་ཁ་ཞིག་ཡོང་གི་རེད། གཞོན་ནུ་ལྷན་ཚོགས་དེ་ད་ལྟ་ཚོགས་མི་ཡོད་པ་གཅིག་པུའི་མ་ཡིན་པར། བོད་ཕྱི་ནང་གཉིས་ན་ཡོད་པའི་གཞོན་ནུ་ཚང་མའི་བསམ་ཚུལ་མཚོན་ཐུབ་པ་དང་དམིགས་ཡུལ་མཚོན་ཐུབ་པ་ཞིག་དགོས་རེད་”ཅེས་གསུངས་སོང་།

དེ་བཞིན་ཀིརྟི་རིན་པོ་ཆེས་གཞོན་ནུ་ལྷན་ཚོགས་ཀྱིས་ན་གཞོན་ཚོར་འགན་ཁུར་ཏེ་ཡ་རབས་བཟང་སྤྱོད་དགོས་པའི་སློབ་གསོ་དང་། བོད་ཀྱི་སྐད་ཡིག་སློབ་སྦྱོང་ཡོང་ཐབས་སུ་འགན་ཁུར་དགོས་པ། བོད་ནང་ནས་གཞོན་སྐྱེས་ཀྱིས་ཧ་ཅང་འགན་ཁུར་ཡག་པོ་བྱེད་ཀྱི་ཡོད་སྐོར་དང་། བོད་ནང་ནས་རང་ལུས་མེར་སྲེག་གི་ལས་འགུལ་མང་པོ་སྤེལ་ཡོད་སྐོར་གསུངས་པ་དང་། ཀིརྟི་རིན་པོ་ཆེས་ཚོགས་ཆེན་མཛད་སྒོའི་ཐོག་བཅར་བའི་རང་སྲེག་རྒྱ་རྒོལ་བ་རྡོ་རྗེ་ཚེ་རིང་གི་ཕ་མ་གཉིས་ལ་ཕྲུ་གུས་བོད་སྤྱི་པའི་ཆེད་དུ་ལས་ཀ་བྱས་པ་ཡིན་པས། སེམས་པ་བདེ་པོ་བྱེད་དགོས་སྐོར་དང་། མིའི་གོ་ཆོད་པ་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་།

tyc20168སྐུ་མགྲོན་གཙོ་བོ་སྤྱི་ལྷན་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་དོན། “ད་ལྟ་བོད་གཞིས་བྱེས་གཉིས་སུ་ཁ་འཐོར་ཡོད་པ་དང་། རྒྱ་ནག་གི་དམིགས་ཡུལ་གཙོ་བོ་བོད་ནང་མི་སེར་གནས་སྤོས་དང་། བོད་ནང་གི་གཏེར་ཁ་སྔོག་པ། ཆུ་རག་རྒྱག་རྒྱུ་སོགས་རེད་ལ། ཆོས་ལུགས་ལ་དམ་དྲག་གིས་མཚོན་འགྲོ་འདུག་སྤྱོད་གསུམ་ཐོག་དམ་དྲག་དང་སུན་པོ་བྱས་ཏེ། ༡༩༨༣ ལོའི་ནང་ནས་རིམ་པས་བོད་མིས་ངོ་རྒོལ་བྱས་པ་དང་། ༢༠༠༨ ལོར་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ལོ་ནས་༢༠༡༦ བར་རང་ལུས་མེར་སྲེག་གཏོང་མཁན་༡༤༤ ལྷག་བྱུང་བ་རེད། བོད་ནང་དུ་ཉིན་འཁྱོལ་ཡང་མཚན་མ་འཁྱོལ་ཆགས་ཡོད་པ་རེད། ཁོང་ཚོས་དཀའ་ལས་བརྒྱབ་པ་དེ་སོ་སོ་སྒེར་ལ་མ་འགྲིག་པ་མ་ཡིན་པར། བོད་ཀྱི་ལོ་རྒྱུས་དང་། ཆོས་དང་རིག་གཞུང་། སྐད་ཡིག་གོམས་གཤིས་བརླག་འགྲོ་ཡི་ཡོད་པའི་ཉེན་ཁ་ཡོད་པ་དང་། སོ་སོ་གནས་སའི་ཁོར་ཡུག་ལ་གཏོར་བཤིག་གཏོང་གི་ཡོད་པ་སེམས་ནས་མ་བཟོད་པས་རེད། བོད་པའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གྱི་༧གོང་ས་མཆོག་གི་སྐུ་པར་ཙམ་ཡང་ཉར་ཆོག་གི་མེད་རེད། དེ་ཚོར་བལྟས་ན་བཙན་བྱོལ་ནང་ཡོད་མཁན་ཚོ་གང་འཚམ་གུ་ཡངས་པ་དང་། ལས་འགུལ་སྤེལ་རྒྱུ་དང་། བསམ་བློ་གཏོང་ས་ཡོད་པ་རེད། ད་ལྟ་གཞོན་ལྷན་ཚོགས་གཙོས་གསུངས་པ་ལྟར། བོད་ནང་གི་དཀའ་ངལ་དེ་ཚོ་རྒྱལ་སྤྱིའི་ཐོག་སླེབས་ཐུབ་པ་དང་། སེམས་འགུལ་ཐེབས་ཐུབ་པ། སྐད་ཆ་བཤད་ཐུབ་པ་ཞིག་བཟོས་དགོས་རེད་”ཅེས་གཞོན་ལྷན་གྱིས་ལས་འགུལ་རིམ་པ་སྤེལ་བར་བསྔགས་བརྗོད་གནང་ཡོད་པ་རེད།

ཁོང་གིས་མུ་མཐུད་གསུང་དོན། “དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན་ཚོས་རང་བཙན་རྩོད་མཁན་ཚོ་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་བ་དང་། བོད་མིའི་སྒྲིག་འཛུགས་དང་འགལ་བ། སྤྱི་ཚོགས་ནང་རྡོག་རོལ་གཏོང་མཁན་ཡིན་པ་འདྲ་བཤད། རང་བཙན་ལས་འགུལ་བ་ཚོས་ཁོང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་བདག་པོ་ཡིན་པ་འདྲ་བཤད་ནས། ཕར་ཕྱོགས་གང་ཡང་མི་ཤེས་མཁན་ཡིན་པར་ལྟ་བ་སོགས་མཚམས་འཇོག་དགོས་པ་ལས་དེ་ཚོས་འཐབ་རྩོད་ལ་ཕན་ཐོགས་མེད་པ་རེད། སྤྱི་ཚོགས་ནང་དུ་འཐབ་རྩོད་ལ་བསམ་ཚུལ་མ་འདྲ་བ་དང་། ལས་འགུལ་མ་འདྲ་བ་དགོས་ཀྱི་ཡོད་རེད། གཅིག་གིས་གཅིག་ལ་ཕན་ཚུན་གུས་ཞབས་དང་། གནས་སྟངས་ག་རེ་ཡིན་ཡང་བོད་མི་རིགས་ལ་ཕན་པ་ཞིག་ཡིན་ན་གཅིག་གིས་གཅིག་ལ་ཞབས་འདེགས་དགོས་པ་རེད་”ཅེས་གསུངས་སོང་།

ཉིན་དྲུག་རིང་གི་ཚོགས་འདུའི་ཐོག་ས་གནས་ཁག་གི་ལས་བསྡོམས་སྙན་སྒྲོན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས། དེ་བཞིན་རྒྱ་གཞུང་གི་བོད་དུ་མི་སེར་སྤེལ་བའི་ངན་ཇུས་དང་། གཏེར་ཁ་སྔོག་འདོན་སོགས་བོད་ཀྱི་ངོ་བོ་དང་ཁོར་ཡུག་ལ་ཉེན་ཚབས་ཆེ་བའི་ལས་གཞི་སྤེལ་བཞིན་པར་གཞོན་ལྷན་ནས་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་མང་གཙོའི་བྱུང་རིམ་དང་། མང་གཙོ་རང་བཞིན་གྱི་གལ་གནད་གོ་རྟོགས་སྤེལ་སླད་གཞོན་ལྷན་ནས་འགན་ཁུར་ཞུ་ཕྱོགས་ཇི་དགེའི་སྐོར་སོགས་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་དང་གྲོས་ཆོད་འཇོག་རྒྱུ་ཡིན་པ་རེད།།གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||