དབྱིན་ཡུལ་གྱི་རྙིང་ཞེན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་མ་ཐོབ་པ།

དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་ད་ལྟའི་གཞུང་འཛིན་རྙིང་ཞེན་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་མང་ཤོས་ཐོབ་ཀྱང་། མང་མོས་བྱུང་མེད་པ་མ་ཟད། སྐབས་སྔོན་མ་དང་བསྡུར་ན། རྐུབ་སྟེགས་༡༣ ཉུང་དུ་ཕྱིན་ཡོད་པས། ད་ལྟའི་ཆར་གཞུང་འཛིན་ཚོགས་པ་བྱེད་ཐབས་སུ། ཚོགས་པ་ཆུང་ཆུང་ཞིག་དང་ཟླ་སྒྲིལ་གྱིས་གཞུང་འཛིན་རྒྱུར་གྲོས་མོལ་བྱེད་བཞིན་ཡོད་འདུག

དེ་ཡང་ཟླ་༤ པའི་ཚེས་༡༨ ཉིན་སྲིད་བློན་མཱེ་ཡིས་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་། ཁོང་མོར་རྒྱབ་སྐྱོར་མང་མོས་ཐོབ་ན། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་གྱི་བརྒྱུད་རིམ་དང་གྲོས་མོལ་ལ་གྲུབ་འབྲས་ཐོན་རྒྱུ་ལས་སླ་བ་ཆགས་རྒྱུ་ཡིན་སྐོར་བརྗོད་ནས། དབྱིན་ཡུལ་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱ་རྒྱུའི་འདོད་མོས་ཡོད་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཟླ་༤ པའི་ཚེས་༡༩ ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་ལྕམ་མཱེ་ཡི་གྲོས་འཆར་དེར་འོས་བསྡུ་བྱས་ཏེ། འཐུས་མི་༥༢༢ ཡིས་རྒྱབ་སྐྱོར་དང་༡༣ གྱིས་དགག་པ་བྱས་པས། དགོས་མཁོའི་མང་མོས་ཀྱི་སུམ་ཆ་གཉིས་ལས་མང་བ་ཐོབ་སྟེ། ཕྱི་ལོ་༢༠༢༠ ལོར་བྱ་རྒྱུ་ཡིན་པའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་སྔ་སྣུར་བཏང་ནས། ཟླ་༦ པའི་༨ ཉིན་འོས་བསྡུ་བྱས་ཡོད་པ་རེད། འོས་བསྡུའི་གྲུབ་འབྲས་སུ་ལྕམ་ཐེ་རི་ས་མཱེ་ཡི་རྙིང་ཞེན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་༣༡༨ ཐོབ་པ་དང་། དེ་ཡང་སྐབས་སྔོན་མ་དང་བསྡུར་ན་རྐུབ་སྟེགས་༡༣ ཉུང་དུ་ཕྱིན་ཡོད་པ་མ་ཟད། གཞུང་འཛིན་ཚོགས་པ་བྱེད་པར་གྲོས་ཚོགས་ནང་དགོས་མཁོའི་མང་མོས་ཀྱི་རྐུབ་སྟེགས་ཁ་གྲངས་ནི་༣༢༦ ཡིན་པས། རྙིང་ཞེན་ཚོགས་པ་གཅིག་པུས་གཞུང་འཛིན་ཚོགས་པ་བྱེད་ཐབས་མེད་པ་ཆགས་ཡོད་པ་རེད། དེ་བཞིན་ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པར་རྐུབ་སྟེགས་༢༦༢ ཐོབ་པ་དང་། སྐབས་སྔོན་མ་དང་བསྡུར་ན་རྐུབ་སྟེགས་༣༢ མང་དུ་ཕྱིན་ཡོད་འདུག་པས། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ཀྱིས་ལྕམ་ཐེ་རི་ས་མཱེ་ཡི་ཚོགས་པ་ཁ་སྐྱེངས་དགོས་པ་བཟོས་ཡོད་པ་རེད།

ཟླ་འདིའི་ཚེས་༡༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལྕམ་མཱེ་ཡིས་རང་ཉིད་སྲིད་བློན་མུ་མཐུད་བྱེད་ཐབས་དང་། རྙིང་ཞེན་ཚོགས་པ་དེ་གཞུང་འཛིན་ཚོགས་པ་མུ་མཐུད་ཆགས་ཆེད། གྲོས་ཚོགས་ཀྱི་རྐུབ་སྟེགས་༡༠ ཐོབ་མཁན་བྱང་ཨར་ལན་ཌེའི་མང་གཙོའི་མཐུན་གྲོགས་ཚོགས་པ་དང་ཟླ་སྒྲིལ་གྱིས་ཐུན་མོང་གཞུང་འཛིན་བྱ་རྒྱུའི་ཆེད་གྲོས་མོལ་བྱ་རྒྱུ་ཡིན་འདུག གྲོས་མོལ་དེ་ལམ་ལྷོངས་ཡོང་མིན་ལ་མ་ལྟོས་པར། རྙིང་ཞེན་ཚོགས་པའི་ཚོགས་མི་མང་པོ་ཞིག་གིས་ལྕམ་ཐེ་རི་ས་མཱེ་ཡི་འགོ་ཁྲིད་ཀྱི་ནུས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་པས། མོ་སྲིད་བློན་དུ་མུ་མཐུད་གནས་ཐུབ་མིན་ཡང་ཐེ་ཚོམས་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||