དོན་ཚན་བཅུ་བདུན་དང་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་  ༦༤༨   ཕྱི་ལོ་ ༢༠༡༦/༥ /༢༤

རྒྱ་གཞུང་གི་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ནམ། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ནས་མི་ལོ་ཧྲིལ་པོ་༦༦ འཁོར་སོང་བ་རེད། ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་སྐུ་ཚབ་ང་ཕོད་ངག་དབང་འཇིགས་མེད་སོགས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་བ་མ་ཟད། མིང་འདོགས་སྟངས་ཀྱི་ཆ་ནས་བཤད་ཀྱང་ཆབ་སྲིད་གཡོ་ཁྲམ་གྱི་རྒྱབ་ལྗོངས་ཆེན་པོ་ཡོད། སྤྱིར་ཆིངས་ཡིག་ཅེས་པ་རང་བཙན་ཡོད་པའི་རྒྱལ་ཁབ་གཉིས་ཀྱི་བར་དུ་བཞག་པའི་ཡིག་ཆ་ཁོ་ན་ལ་གོ་ཞེས་བརྗོད་ཆོག་ཅིང་། གྲོས་མཐུན་ཞེས་བརྗོད་ན་རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་བར་དུ་བཞག་པའི་ཡིག་ཆ་ལ་གཏན་ནས་གོ་མི་ཆོག་པ་ཞིག་མིན་ནའང་། དེ་ནི་གཙོ་བོ་རྒྱལ་ཁབ་ནང་ཁུལ་དུ་སྡེ་ཚན་གཉིས་ཀྱི་བར་བཞག་པའི་ཡིག་ཆ་ལ་གོ་བ་ལེན་སྲོལ་ཡོད་པས། རྒྱ་གཞུང་གིས་ཀྱང་སྐབས་དེར་ཆིངས་ཡིག་དོན་ཚན་བཅུ་བདུན་ཞེས་མ་བྲིས་པར་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་བྲིས་པའི་རྒྱབ་ལྗོངས་ཀྱང་གཙོ་བོ་དེ་ལ་བསམ་བློ་བཏང་ཡོད་པ་རེད།

གང་ལྟར་ཉིན་མོ་འདི་ནི་བོད་ཀྱི་ལོ་རྒྱུས་ཁྲོད་མུན་ནག་གི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ཅིང་། དུས་འདི་ནས་བཟུང་དོན་གྱིས་བོད་རྒྱ་ཁོངས་སུ་ཚུད་པ་ལྟ་བུར་གྱུར་ཡོད། ཡིག་ཆ་འདིའི་ཐོག་ནས་རྒྱ་གཞུང་ལ་དྲན་གསོ་གཏོང་དགོས་པ་གཅིག་ནི། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ཁྱོན་ཡོངས་སུ་ཐོག་མར་དབང་བསྒྱུར་བྱེད་པའི་སྐབས་སུ་བོད་ལས་གཞན་པའི་མི་རིགས་དང་ས་ཁུལ་གང་གི་མཉམ་དུ་འདི་ལྟ་བུའི་གྲོས་མཐུན་གྱི་ཡིག་ཆ་འཇོག་དགོས་བྱུང་མེད་པ་དེ་ཡིན་ཞིང་། དེའི་རྒྱུ་མཚན་ཡང་དོན་གྱིས་བོད་རང་དབང་རང་བཙན་གྱི་གནས་སྟངས་གསལ་པོ་ཡོད་པའི་དཔང་རྟགས་ཤིག་ཏུ་གྱུར་ཡོད་པ་མཚོན་ཡོད། བོད་པ་དག་གི་ངོས་ནས་ཀྱང་དེའི་སྔོན་དུ་བོད་རྒྱལ་ཁབ་དེ་ཉིད་རང་དབང་རང་བཙན་ཅན་གྱི་གནས་བབས་ཤིག་ཏུ་གྱུར་ཡོད་པ་དེ་བརྗེད་མི་རུང་ཞིང་། རྭ་སྟག་གི་དོན་རྐྱེན་སོགས་ནང་ཁུལ་གྱི་རྩོད་རྙོག་རིགས་ལ་མགོ་འཁོར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་བོད་རྒྱལ་ཁབ་དེ་དེབ་སྐྱེལ་ཐོ་འགོད་བྱེད་ཐུབ་མེད་ཀྱང་སྐབས་དེར་ཆ་རྐྱེན་ཡོངས་སུ་ཚང་ཡོད།

འདི་དག་ཚང་མ་འདས་སོང་གི་ལོ་རྒྱུས་ཡིན་སྟབས་བསྐྱར་དྲན་བྱེད་པ་ཙམ་ལས་སླར་གསོ་བྱེད་ཐབས་མེད་ཀྱང་། མ་འོངས་པར་བོད་མི་རིགས་ཀྱི་གནས་སྟངས་དང་། ཁ་ཕྱོགས་ག་འདྲ་ཞིག་ཏུ་བསྐྱོད་མིན་ཐད་ད་ལྟ་བསམ་བློ་གཏོང་རྒྱུའི་གོ་སྐབས་ཡོད། བོད་ནང་དུའང་དེང་དུས་ཀྱི་སློབ་སྦྱོང་ཡོད་པའི་ན་གཞོན་མང་པོ་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་སུའང་མི་འབོར་མང་ཉུང་ལ་མ་ལྟོས་པར་དེང་དུས་ཀྱི་སློབ་སྦྱོང་ཡོད་པའི་མི་རབས་གསར་པ་མང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་ཡོད། དེར་བརྟེན་མི་རིགས་ཤིག་གི་ཁ་ཕྱོགས་གང་དུ་བསྐྱོད་དགོས་མིན་དེ་མི་སྒེར་ཞིག་གི་ཟས་གོས་ཀྱི་གནས་སྟངས་ཐག་གཅོད་བྱེད་པའི་གནད་དོན་དང་གཏན་ནས་མི་འདྲ་བས། དེ་ནི་དོན་གནད་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་དགོས། ༧གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དེ་དབུ་མའི་ལམ་ཞེས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་དགོས་པ་དེ་ཡིན་སྟབས། དོན་ཚན་བཅུ་བདུན་ཞེས་པ་དེ་དང་འབྲེལ་བ་འདོགས་ས་རེ་ཡོད་མེད་ལའང་བསམ་བློ་བཏང་ཡོད་སྲིད་པ་རེད།

སྔོན་མ་ཧུའུ་ཅིན་ཐའོ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཡིན་པའི་སྐབས་སུ་ཉི་ཧོང་དུ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཐོག་ལ་འབབ་རྒྱུ་རེད་ཅེས་བརྗོད་ཡོད་པས། བོད་རྒྱའི་ཆབ་སྲིད་ཀྱི་ཐོག་ལ་མཁྱེན་རྒྱ་ཅན་མང་པོས་དེ་ནི་བོད་དོན་ཐག་གཅོད་བྱེད་པའི་གོ་སྐབས་ཤིག་ཏུ་གྱུར་ཡོད་ཅེས་རེ་བའང་རྒྱག་མྱོང་། གང་ལྟར་ཧུའུ་ཅིན་ཐའོ་ཡི་སྐབས་སུ་གནད་དོན་དེ་ལ་ལག་པ་འཆང་ཙམ་ཡང་མ་བྱས་པར་ཟུར་འཇོག་བྱས་ཡོད་པ་དང་། ཞི་ཅིན་ཕིན་གྱིས་ཀྱང་འདས་པའི་ལོ་ལྔ་ཙམ་གྱི་རིང་དོན་དངོས་ཐོག་ལག་པ་གང་ཡང་འཆང་མེད་པ་གསལ་པོ་རེད། སྤྱིར་མ་འོངས་པ་ལ་གོ་རིམ་མེད་ཅེས་པ་བཞིན་ཁ་ཚོན་གཅོད་དཀའ་ཡང་། ཡོང་རྒྱུའི་ལོ་ལྔའི་རིང་ལའང་དེའི་ཐོག་ལག་པ་འཆང་ཐུབ་པའི་སྤོབས་པ་དང་གུ་ཡངས་གཉིས་ཀ་ཞི་ཅིན་ཕིན་སོགས་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་གཏན་ནས་མེད་པ་ལྟ་བུར་ངོས་འཛིན་བྱས་ཀྱང་མི་འགྲིག་པ་མེད་པ་ལྟ་བུར་གྱུར་འདུག འོན་ཀྱང་མ་འོངས་པར་གནད་དོན་འདི་ནི་རྒྱ་གཞུང་གི་ཁུར་པོ་ཆེན་པོ་ཞིག་ཏུའང་འགྱུར་མི་སྲིད་པ་མ་རེད།

བོད་ཀྱི་རྩ་དོན་དུས་ཐུང་ནང་ཐག་གཅོད་མ་ཐུབ་ཀྱང་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་༡༥༠ ལྷག་གིས་བོད་ཀྱི་རྩ་དོན་ཆེད་གཅེས་སྲོག་བློས་གཏོང་བྱས་ཡོད་ལ། མ་འོངས་པར་ཡང་མུ་མཐུད་དེ་ལྟར་རང་སྲོག་བློས་གཏོང་མཁན་ཡོང་ས་རེད། བཙན་བྱོལ་ནང་ནས་དེ་དག་གི་སྤོབས་པ་དང་བློས་གཏོང་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་མེད་ནའང་། རྒྱལ་གཅེས་དཔའ་བོ་དེ་དག་གིས་གཅེས་སྲོག་འདི་ལྟར་མུ་མཐུད་ཤོར་སོང་ན། ལོ་རྒྱུས་ཀྱི་ལེའུའི་ནང་དུ་གྲངས་ཐོ་ཙམ་ཞིག་ཏུ་འགྱུར་མི་སྲིད་པའང་མིན་སྟབས་སེམས་འཚབ་དང་དངངས་སྐྲག་རང་བཞིན་གྱིས་སྐྱེས་དགོས་པ་ཞིག་ཏུ་གྱུར་ཡོད། ཁོང་རྣམ་པས་གཙོས་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་བྱས་པ་དེ་དག་གི་དམིགས་ཡུལ་ང་ཚོས་ངོས་འཛིན་གསལ་པོ་ཐུབ་དགོས་པ་དང་། གཞིས་བྱེས་གཉིས་ནས་བོད་དོན་འཐབ་རྩོད་ལོ་བརྒྱ་ལྷག་དགོས་ཀྱང་མི་རིགས་ཀྱི་བསམ་བློ་དང་རིག་གཞུང་རྩ་བརླག་ཏུ་མི་འགྲོ་བ་ཞིག་ཡོང་ཐབས་ལ་གྲ་སྒྲིག་འཐུས་ཚང་ཞིག་བྱེད་མ་ཐུབ་ན། ད་ལྟའི་ཆར་རྒྱ་དམར་དྲག་གཞུང་ལ་རེ་བ་རྒྱག་ཡུལ་ཞིག་གཏན་ནས་མེད་པར་སྣང་།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||