དྲ་རྒྱའི་རིག་གནས་དང་ལུག་རྫི་སྤེན་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༦  ཕྱི་ལོ་ ༢༠༡༧/༡༠ /༤

འཛམ་གླིང་འདིར་དྲ་རྒྱའི་རིག་གནས་དར་ཁྱབ་བྱུང་ནས་གཙོ་བོ་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་སོགས་ལ་རེ་རེ་བཞིན་ཤུགས་རྐྱེན་དང་འགྱུར་བ་ཆེན་པོ་ཕྱིན་ཡོད། དེ་ཡང་སྔོན་དང་མི་འདྲ་བར་སྟབས་བདེ་བ་དང་། ལས་དོན་ཧ་ཅང་མྱུར་བ་སོགས་དུས་རབས་ཉེར་གཅིག་པ་འདིར་གཙོ་ཆེ་ཤོས་དྲ་རྒྱའི་རིག་གནས་ལ་བརྟེན་ནས་འཛམ་གླིང་ཁ་ལོ་སྒྱུར་བཞིན་ཡོད་ཅེས་བཤད་ཀྱང་མི་ཆོག་པ་མེད། ཁོར་ཡུག་དེའི་ནང་བོད་པ་ལ་མཚོན་ནའང་། བོད་ཡིག་ཀྱང་དྲ་ལམ་ནས་ཐག་ཐོགས་མེད་པར་བེད་སྤྱོད་བྱེད་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཐོག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ད་ཆ་དྲ་ལམ་ནས་ཚོང་གཉེར་བྱེད་མཁན་ཡང་བོད་པ་རེ་ཟུང་ཡོང་གི་ཡོད་པ་སོགས་ལྟོས་ས་ལྟོས་འཇོག་གིས་ཕན་ཐོགས་ཆེན་པོ་བྱུང་ཡོད། གཞིས་སུ་བཞུགས་པའི་བོད་པ་རྣམས་གཞན་གྱི་སྟངས་འཛིན་དང་མནར་གཅོད་འོག་ཡོད་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་མིའི་ལུང་པ་སྐྱབས་བཅོལ་བའི་གནས་སྟངས་འོག་ཡོད་ནའང་། དྲ་རྒྱའི་རིག་གནས་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ལའང་གཞི་རིམ་གྱི་ཐོག་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད།

དེང་སྐབས་བོད་པ་མང་ཆེ་བར་རིན་གོང་ཆེ་བའི་ཁ་པར་མེད་མཁན་མེད་པ་དང་། དྲ་རྒྱ་བེད་སྤྱོད་མི་བྱེད་མཁན་ཞིག་ཀྱང་ཧ་ཅང་དཀོན་ཚོད་དུ་སྣང་། དེ་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་བོད་པ་རྣམས་ཕན་ཚུན་འབྲེལ་བ་བྱེད་ཐུབ་ཡོད་པ་མ་ཟད། བོད་གངས་ཅན་ལྗོངས་སུ་ཡོད་པའི་གཞིས་བཞུགས་བོད་མི་རྣམས་དང་ཡང་ཕན་ཚུན་ཉིན་ལྟར་འབྲེལ་ལམ་བྱེད་ཐུབ་པ་བྱུང་ཡོད། ད་དུང་འཕྲིན་ཕྲན་དང་ངོ་དེབ་སོགས་ལ་བརྟེན་ནས་བགྲོ་གླེང་བྱེད་པ་དང་། ཆོས་དང་རིག་གནས་ཀྱི་སློབ་ཁྲིད་བྱེད་པ། དྲ་ལམ་ནས་གན་རྒྱ་འཇོག་པ། འཛམ་གླིང་གི་ས་ཕྱོགས་གང་སར་དངུལ་བརྒྱུད་གཏོང་བྱེད་པ། ཅ་ལག་འདྲ་མིན་ཉོ་ཚོང་བྱེད་པ་སོགས་སྔོན་མ་དང་བསྡུར་ན་དྲ་རྒྱའི་རིག་གནས་འདི་དར་ནས་ཧ་ཅང་སྟབས་བདེ་རུ་སོང་ནས། གཞིས་བྱེས་གཉིས་སུ་ཡོད་པའི་བོད་པ་རྣམས་ལ་ཕྱོགས་གང་ཐད་ནས་འཛམ་གླིང་མི་མང་དང་མཉམ་དུ་གོ་སྐབས་བཟང་པོ་མང་པོ་ཞིག་ཐོབ་དང་འཐོབ་བཞིན་ཡོད་པས། གོ་སྐབས་འདི་དང་རིག་གནས་འདི་ཉིད་བེད་སྤྱོད་ཡག་པོ་ཞིག་བྱེད་ཐུབ་ན་དེང་དུས་འཛམ་གླིང་ཧྲིལ་པོ་དྲ་རྒྱའི་རིག་གནས་ལ་གཙོ་བོ་བརྟེན་ཡོད་པ་ལྟ་བུར་གྱུར་ཡོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ད་ཆ་དྲ་རྒྱ་ཁག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་ཅིང་། གོང་དུ་བརྗོད་པའི་ཁེ་ཕན་ཁག་ཅིག་བྱེད་སྤྱོད་ཐུབ་ཀྱི་ཡོད་པ་སྨྲོས་མེད་ཐོག ངོ་དེབ་དང་། འཕྲིན་ཕྲན་སོགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་དག་མ་ལས་རྫུན་མ་མང་བ་ལྟ་བུ་ཡོད། དང་པོ་གཅིག་གིས་ཆེད་དུ་གླེང་ཕྱོགས་བཟོ་བའི་གནས་ཚུལ་ལམ་བསམ་ཚུལ། འདྲ་པར་སོགས་དྲ་ལམ་དུ་བཀོད་ན། ཕྱོགས་གཞན་ནས་ལམ་སེང་དེའི་ལྡོག་ཕྱོགས་ནས་རྫུན་མ་ཞིག་སྤེལ་ཡོང་གི་ཡོད། ཐ་ན་ཅུང་ཤུགས་རྐྱེན་ཆེ་བའི་མིའམ་ཡང་། ཡང་ན་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་སོགས་ཀྱི་ངོ་དེབ་དང་འཕྲིན་ཕྲན་སོགས་རྫུན་བཟོ་དང་དེའི་འདྲ་པར་སྤྱད་ནས། མི་དེ་དང་དེ་ཡིན་ཁུལ་བྱེད་མཁན་ཡང་མང་ཙམ་ཡོང་གི་ཡོད། དེར་བརྟེན་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གླེང་ཕྱོགས་ཆེ་བའི་གནས་ཚུལ་ཞིག་ཡིན་ཕྱིན་ཆད་ནས་གནས་ཚུལ་ངོ་མ་གང་ཡིན་མིན་དབྱེ་བ་འབྱེད་དཀའ་བ་ཞིག་ཏུ་འགྱུར་བཞིན་ཡོད་པས། བཙན་བྱོལ་བོད་པའི་དྲ་རྒྱའི་རིག་གནས་དེ་ལུག་རྫི་སྤེན་པའི་སྒྲུང་དང་འདྲ་པོ་ཆགས་གྲབས་ཡོད་ཅེས་བརྗོད་ཆོག

བཙན་བྱོལ་བོད་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་ཕལ་ཆེ་བས་མིང་རྫུན་མ་འབའ་ཞིག་བཀོད་ཡོད་པ་དང་། མི་གཅིག་མིང་གསུམ་བཞི་རེའི་འོག་ཏུ་ཡིབས་མཁན་ཡང་ཡོད་ཚོད་རེད། སྤྱི་ཚོགས་དྲ་རྒྱའི་རིག་གནས་འདི་ཉིད་དར་ཁྱབ་བྱུང་བས་བཙན་བྱོལ་བོད་མི་རྣམས་ལ་མི་རེ་རེ་བཞིན་སྒེར་ངོས་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང་། སྤྱི་ཚོགས་ཁྱོན་ཡོངས་ནས་བཤད་ན་ཆོས་བརྒྱུད་ཕན་ཚུན་དང་། ཆོལ་ཁ་ཕན་ཚུན། སྲིད་དོན་གྱི་ལངས་ཕྱོགས་མི་གཅིག་པའི་དབར་སོགས་མདོར་ན་ཆིག་སྒྲིལ་དང་མཐུན་ལམ་ལ་གནོད་སྐྱོན་ཆེན་པོ་ཡོད་པ་དེའང་ཧ་ཅང་གསལ་པོ་རེད། རང་བཙན་ཡོད་པ་དང་བརྟན་ལྷིང་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་གནས་ཚུལ་འདི་ལྟ་བུ་གལ་གནད་ཆེན་པོ་དེ་ཙམ་མིན་ནའང་། བཙན་བྱོལ་བོད་པ་ལ་མཚོན་ན་གཅིག་སྒྲིལ་བྱེད་པའི་གཞི་རྩ་གཙོ་བོ་༧གོང་ས་མཆོག་ཁོ་ན་དང་། ཁོང་གི་བདག་རྐྱེན་དང་གཟིགས་སྐྱོང་འོག་བོད་མིའི་སྒྲིག་འཛུགས་འདི་ན་ཁོ་ན་ཡིན་པས། དྲ་ལམ་གྱི་ད་ལྟའི་གནས་སྟངས་འདི་མ་འོངས་པར་མུ་མཐུད་སོང་ན་བཙན་བྱོལ་བོད་པ་ལ་རེ་བ་ཆེན་པོ་ཞིག་གང་ཡང་མེད་པ་ལྟ་བུར་གྱུར་ཡོད།

འོན་ཀྱང་དྲ་རྒྱའི་རིག་གནས་དར་ཁྱབ་བྱུང་མ་ཐག་སྤྱི་ཚོགས་གང་སར་གནས་ཚུལ་འདི་ལྟ་བུ་བྱུང་ཡོད་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་རིམ་པས་དྲ་རྒྱ་བཟང་ཕྱོགས་སུ་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་རྒྱུའི་རེ་བ་ཡོད་པ་དེ་ཕྱོགས་ཡོངས་ཀྱི་འཕེལ་རིམ་ལ་བལྟས་ནས་རོབ་ཙམ་ཤེས་ཐུབ་པ་ཞིག་རེད། མདོར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མི་ཕལ་ཆེ་བ་༧གོང་ས་མཆོག་གི་ཞལ་སློབ་དང་། ཁོང་གི་གཟིགས་སྐྱོང་འོག་འཚར་ལོང་བྱུང་བ་འབའ་ཞིག་ཡིན་པས། རང་རང་སོ་སོའི་ཀུན་སྤྱོད་ལ་བསམ་བློ་གཏོང་དགོས་པ་དེ་མི་རིགས་གཞན་དང་བསྡུར་ན་འོས་འགན་དམིགས་བསལ་བ་ཞིག་ཡོད་པ་མ་ཟད། བོད་པའི་ཛ་དྲག་གི་གནས་སྟངས་འདི་དག་ཀྱང་ང་ཚོའི་མི་རིགས་འདིའི་ཕྲག་སྟེང་དུ་ལྷུང་ཡོད་པས། དེའི་ཕྱོགས་ནས་བསམ་བློ་མང་ཙམ་གཏོང་ཐུབ་དགོས་པ་ལྟ་བུར་གྱུར་ཡོད། ང་ཚོའི་བྱེད་སྟངས་ཀྱི་ཐོག་ནས་རྒྱ་དམར་དྲག་པོའི་གཞུང་ལ་ཡིད་ཆེས་སྐྱེ་ཐུབ་པ་ཞིག་བྱེད་མ་ཐུབ་ཀྱང་། བོད་པ་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་ཐུབ་པ་ཞིག་བྱུང་ན་མ་འོངས་པར་ཉེན་ཁ་ག་རེ་ཡིན་ཡང་གདོང་ལེན་བྱེད་ཐུབ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||