པཎ་ཆེན་རིན་པོ་ཆེའི་གནས་བབས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༤༥  ཕྱི་ལོ་ ༢༠༡༧/༥  /༣

གནམ་ལ་ཉི་ཟླ་གཉིས། ས་ལ་རྒྱལ་པཎ་གཉིས་ཞེས་བོད་པའི་ཁ་རྒྱུན་ལ་ཡོངས་སུ་གྲགས་པ་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པ་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཉིད་ཕྱི་ལོ་༡༩༩༥ ཟླ་༤ པའི་ནང་རྒྱ་དམར་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ནས་མི་ལོ་ཧྲིལ་པོ་༢༢ སོང་ཞིང་། ད་ལྟའི་ཆར་ཡང་ཁོང་གི་གནས་སྟངས་ག་འདྲ་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་དང་། ཐ་ན་འདས་གསོན་གང་ཡིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད། དེར་བརྟེན་བོད་མི་མང་གི་སེམས་ནང་དུ་ཡོད་པའི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་ཐད་སེམས་གཏིང་དུ་དྲི་རྟགས་ཆེན་པོ་ཞིག་ཡོད་པ་ཙམ་ལས། གནས་ཚུལ་འདི་ལ་ལན་གསལ་པོ་ཡོད་མཁན་ནི་རྒྱ་གཞུང་ཙམ་ལས་གཞན་སུ་གཅིག་མེད། གནས་སྟངས་འདི་དག་གི་ཐོག་ནས་བལྟས་ན་ང་ཚོ་བཙན་བྱོལ་བོད་པའི་ནུས་ཤུགས་དང་། རྒྱ་གཞུང་གི་མཁྲེགས་འཛིན་སོགས་ཀྱང་རྟོགས་ཐུབ་པ་ཞིག་རེད།

རྒྱ་དམར་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་མཚོན་ན། ད་ལྟའི་ཆར་རྒྱ་དམར་གཞུང་གི་ངོས་ནས་ཧ་ཅང་མངོན་གསལ་དོད་པོའི་ཐོག་འཛམ་གླིང་མི་མང་གི་མདུན་དུ་འཕྱར་བཞིན་པའི་དར་ཆ་ལྟ་བུར་གྱུར་ཡོད། དོན་དངོས་ཐོག་རྒྱལ་མཚན་ནོར་བུ་ཡང་རྒྱ་དམར་གཞུང་གི་དར་ཆ་ལྟ་བུ་ཙམ་ལས་དོན་དམ་པའི་གཅེས་ཕྲུག་ཅིག་ཏུ་འགྱུར་ཐུབ་མིན་མ་འོངས་པར་ཁོ་རང་གི་བྱེད་སྟངས་ཁོ་ན་ལ་རག་ལས་པ་ཙམ་ལས། རྒྱ་དམར་གཞུང་གིས་བསྐོ་གཞག་བྱས་པ་ཙམ་གྱིས་གཅེས་ཕྲུག་ཡིན་ཤག་ཤག་བྱེད་ཆོག་པ་ཞིག་གཏན་ནས་མིན། ཁོང་གི་ངོས་ནས་ཀྱང་ཉེ་ཆར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བསྐྱར་གསོ་བྱེད་དགོས་པ་སོགས་ཀྱི་བསམ་ཚུལ་དེ་དག་ལའང་རྒྱ་དམར་དྲག་གཞུང་གི་ངོས་ནས་འདོད་པ་ཡོངས་སུ་ཁེངས་པ་ཞིག་ཡིན་མི་སྲིད་པ་རེད། ད་དུང་ཁོང་ཉིད་འཚར་ས་རྒྱ་དམར་གྱི་གསོ་སྐྱོང་འོག་ཡིན་ནའང་། ཤ་དང་རུས་པ་གདོང་དམར་བོད་པ་ཡིན་པ་ཙམ་དུ་མ་ཟད། བོད་པའི་ཆོས་དང་རིག་གནས་ཀྱི་དགེ་རྒན་ཡང་མང་པོ་ཡོད་སྟབས་རང་ངོ་ཤེས་པའི་བོད་མི་རྣལ་མ་ཞིག་ཏུ་འགྱུར་མི་སྲིད་པའང་མ་རེད།

ད་དུང་ཕྱོགས་གཅིག་ནས་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་སྐབས་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པའི་ཚིག་ཁ་ཤས་ཤིག་འབོད་མི་ཆོག་པའི་སྐུལ་ལྕག་བཏང་བའི་ནང་། པཎ་ཆེན་རྫུན་མ་ཞེས་རྒྱལ་མཚན་ནོར་བུ་ལ་འབོད་མི་ཆོག་པ་འདི་ཡང་ཚུད་ཡོད། སྤྱིར་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོ་བཅས་རྩ་དོན་དུ་འཛིན་པའི་བཀའ་ཤག་ཅིག་གིས་པཎ་ཆེན་རྫུན་མ་ལ་པཎ་ཆེན་རྫུན་མ་འབོད་མི་ཆོག་ཅེས་བརྗོད་པ་ག་ལ་ཡིན་ཏེ། སྐབས་དེར་བོད་རྒྱ་འབྲེལ་མོལ་གྱི་སྐད་ཆ་ཐན་ཐུན་རེ་འགྲོ་བཞིན་པའི་སྐབས་ཡིན་སྟབས། དེ་ནི་ཅིག་བྱས་ན་རྒྱ་གཞུང་གི་དགོས་འདུན་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད། གནད་དོན་འདི་དག་གི་ཐོག་ལ་བསམ་བློ་བཏང་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་གསོན་པོར་བཞུགས་ཡོད་པའི་དབང་དུ་བཏང་ཡང་། མ་འོངས་པའི་གནས་སྟངས་ཐོག་ནས་སེམས་ཁྲལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི་སྨྲོས་མེད་རེད།

དེར་བརྟེན་གནད་དོན་འདི་དག་གི་ཐོག་ནས་བསམ་བློ་བཏང་ན་སྐབས་རེ་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་གནས་ཚུལ་འདི་ལྟ་བུ་བྱུང་མྱོང་མེད་པ་གཏན་ནས་མ་རེད། དཔེར་ན་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་གནས་སྟངས་ཐོག་ནས་བསམ་ཡང་འདི་དང་ཅུང་ཆ་འདྲ་བ་ལྟ་བུ་བྱུང་ཡོད་ལ། དེའི་སྐོར་༧གོང་ས་མཆོག་གིས་མཛད་པའི་མཛད་རྣམ་<<ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་>>ལག་བྲིས་པར་མ་ཤོག་གྲངས་༡༢༢ པར་“ཕྱི་ལོ་༡༩༥༠ ལོར་བོད་ཀྱི་ནང་ནས་ཡང་སྲིད་འོས་སྤྲུལ་གཉིས་བྱུང་བའི་ཐོག རྒྱ་མིའི་དབང་ཁོངས་ས་ཆ་ནས་འོས་སྤྲུལ་གཅིག་བྱུང་། ཕྱི་ལོ་༡༩༥༡ ལོ་པི་ཅིང་དུ་གྲོས་མཐུན་འཇོག་སྐབས། ང་ཚོའི་སྐུ་ཚབ་གཙོ་བོ་ང་ཕོད་ནས་གློག་འཕྲིན་ཞིག་བཏང་འབྱོར་དུ་རྒྱ་མིའི་འོས་སྤྲུལ་དེར་ཁས་ལེན་མ་བྱས་ན་གྲོས་མོལ་ལ་སྐྱོན་གནོད་ཡོང་གི་ཡོད་ཚུལ་འཁོད་འདུག གཞུང་དང་། དགོན་ཁག་གི་འགོ་འཁྲིད་ཚོས་སྔར་ལམ་ལྟར་བརྟག་དཔྱད་དགོས་ཚུལ་བརྗོད་ཀྱི་ཡོད་ཀྱང་། སྐབས་དེར་དེ་ལྟར་ཡོང་ཐབས་མེད་སྟབས་རིམ་བཞིན་ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་འདི་དག་ངོ་མར་གྱུར།”ཞེས་གསུངས་ཡོད།

སྐབས་དེའི་གནས་སྟངས་ལ་མ་ལྟོས་པར་བོད་ཀྱི་གནས་སྟངས་ཛ་དྲག་སྐབས་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་དུ་མ་ལྷུར་བཞེས་མཛད་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་གྱི་ཆེད་དུའང་༧པཎ་ཆེན་རིན་པོ་ཆེ་བཞུགས་མེད་ན་ད་ལྟའི་གནས་སྟངས་འདི་ལྟ་བུ་ཞིག་ཡོང་རྒྱུ་དེ་ཡང་ཧ་ཅང་ཁག་པོར་གྱུར་ཡོད། མ་འོངས་པར་རྒྱ་དམར་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་དབར་དུ་གྲོས་མོལ་ཞིག་འགོ་འཛུགས་ཡོང་སྲིད་པའི་དབང་དུ་བཏང་ན། སྐབས་དེར་རྒྱལ་མཚན་ནོར་བུའི་གནས་བབས་ཀྱང་གླེང་དགོས་ཐུག་ངེས་ཤིག་ཡིན་པ་དང་། གནས་སྟངས་དེའི་ཐོག་ནས་༧པཎ་ཆེན་ངོ་མ་དགེ་འདུན་ཆོས་ཀྱི་ཉི་མའི་གནས་བབས་ཀྱི་ཐོག་ལ་སླར་ཡང་དྲི་རྟགས་ཆེན་པོ་ཞིག་ཏུ་གྱུར་སྲིད་པའང་བོད་གཞིས་བྱེས་མི་མང་གི་སེམས་ལ་གྲ་སྒྲིག་ཡོད་དགོས། གང་ལྟར་བོད་མི་རིགས་ཀྱི་ལས་དབང་ཅི་འདྲ་ཞིག་ཏུ་འགྱུར་མིན་དང་། བོད་ཀྱི་ཉི་ཟླ་རྣམ་གཉིས་སུ་གྲགས་པའི་ཡ་གྱལ་པཎ་ཆེན་རིན་པོ་ཆེའི་གནས་བབས་གཉིས་ཀ་དྲི་རྟགས་ཆེན་པོ་ཞིག་ཏུ་གྱུར་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||