ཕོ་བྲང་པོ་ཏ་ལ་རུ་དེང་རབས་ཀྱི་གསང་སྤྱོད་བརྒྱབས་ཡོད་འདུག

རྒྱ་གཞུང་གིས་བོད་ཀྱི་ཕོ་བྲང་པོ་ཏ་ལ་ནང་གི་གསང་སྤྱོད་རྙིང་པ་༤ ཡི་ཚབ་ཏུ། སྐར་ལྔའི་རྟགས་ཅན་གྱི་མགྲོན་ཁང་གི་གསང་སྤྱོད་དང་མཚུངས་པའི་དེང་རབས་ཅན་གྱི་གསང་སྤྱོད་གསར་པ་༤ བརྒྱབས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་རུ་ཡོད་པའི་ཕོ་བྲང་པོ་ཏ་ལ་ནང་གི་གསང་སྤྱོད་རྙིང་པ་༤ ཡི་ཚབ་ཏུ་དེང་རབས་ཅན་གྱི་གསང་སྤྱོད་གསར་པ་༤ འཛུགས་སྐྲུན་བྱས་ཡོད་འདུག་པ་དང་། དེ་དག་གི་ཚོན་མདོག་ཕོ་བྲང་པོ་ཏ་ལ་དང་མཐུན་པ་དཀར་པོ་དང་དམར་སེར་བཟོས་ཡོད་འདུག་པ་མ་ཟད། འཛུགས་སྐྲུན་གྱི་རྣམ་པ་ཡང་སྲོལ་རྒྱུན་གྱི་ཤིང་ཁང་གི་རྣམ་པ་ལྟར་བཟོས་ཡོད་འདུག

གསར་དུ་འཛུགས་སྐྲུན་བྱས་པའི་གསང་སྤྱོད་རྣམས་སུ་བོད་ཀྱི་བདུག་སྤོས་སྤར་ཡོད་སྟབས་གནས་བསྐོར་བ་དང་ཡུལ་བསྐོར་བ་རྣམས་གསང་སྤྱོད་དུ་འཛུལ་དུས་དྲི་ཞིམ་ལྷང་ལྷང་དུ་ཐུལ་བཞིན་ཡོད་འདུག

ཕོ་བྲང་པོ་ཏ་ལ་དོ་དམ་ཚན་པའི་ལས་བྱེད་ལི་ལང་གིས་“འཛུགས་སྐྲུན་གསར་པ་དེ་འདས་པའི་དུས་སུ་གསང་སྤྱོད་ག་འདྲ་ཡོད་པ་ནང་བཞིན་བསྐྱར་གསོ་ཡོང་རྒྱུ་དང་། ཉེ་འཁོར་གྱི་ཁོར་ཡུག་དང་མཐུན་པ་ཡོང་ཐབས་བྱས་ཡོད་རེད། འཛུགས་སྐྲུན་གྱི་འཆར་འགོད་ནི་གནའ་རབས་ཀྱི་ཁང་པ་སྲུང་སྐྱོབ་ཐོག་ཆེད་ལས་པ་ཐོན་མཁན་ཞིག་ཡིན་པ་མ་ཟད། གསང་སྤྱོད་གསར་པ་རྣམས་ཀྱི་མཐུན་རྐྱེན་ཡང་སྐར་ལྔའི་རྟགས་ཅན་གྱི་མགྲོན་ཁང་གི་གསང་སྤྱོད་ཀྱི་ཚད་དང་གཅིག་པ་བཟོས་ཡོད་རེད་”

ཅེས་བརྗོད་ཡོད་འདུག

གསང་སྤྱོད་རྙིང་པ་རྣམས་ཡོད་ས་ནི་ཕོ་བྲང་གི་གཡས་གཡོན་གྱི་ངོས་གཉིས་ཡིན་ཞིང་། མཐོ་ཚད་ཀྱི་ཆ་ནས་པོ་ཏ་ལ་ཆགས་ཡུལ་དམར་པོ་རིའི་རི་སྐེད་དུ་ཡོད་འདུག་པ་དང་།  གསང་སྤྱོད་དེ་དག་ལོ་ངོ་༣༠༠ གོང་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན་འདུག དེ་བཞིན་གསང་སྤྱོད་རྙིང་པ་རྣམས་ནས་བཤང་གཅི་རྣམས་མི་ཊར་༡༠ ལ་མར་ལྷུང་གི་ཡོད་སྟབས། དེ་ནི་འཛམ་གླིང་གི་གསང་སྤྱོད་ནང་ནས་གཤང་གཅི་ལྷུང་ཚད་མཐོ་ཤོས་དེ་ཡིན་སྐོར་ཀྱང་གྲགས་བཞིན་ཡོད་འདུག འོན་ཀྱང་། པོ་ཏ་ལའི་དོ་དམ་ཚན་པའི་ལས་བྱེད་ལི་ལང་ཟེར་བས་གསང་སྤྱོད་རྙིང་པ་རྣམས་ནི་གཙང་སྦྲ་མེད་པ་ཞིག་རེད་ཅེས་བརྗོད་ཡོད་འདུག

ཕོ་བྲང་པོ་ཏ་ལའི་དོ་དམ་ཚན་པས་ཕྱིར་བསྒྲགས་བྱས་པའི་ཐོ་གྲངས་ལ་གཞིགས་ན། ཕྱི་ལོ་༢༠༡༦ ལོར་ཡུལ་སྐོར་སྤྲོ་འཆམ་ས་ཡ་གཅིག་ལྷག་ལྟ་སྐོར་དུ་སླེབས་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||