བསམ་ཚུལ་མི་མཐུན་ཡང་ཁ་གྲག་ཆོག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༥ ཕྱི་ལོ་ ༢༠༡༧/༢ /༢༢

མང་གཙོའི་སྤྱི་ཚོགས་སུ་བསམ་ཚུལ་མི་མཐུན་ཡང་ཁ་གྲག་ཆོག་དགོས་ལ། བསམ་ཚུལ་མི་མཐུན་པ་དག་གིས་ཁ་མང་ཙམ་གྲག་དགོས་པ་ནི་དེ་བས་ཀྱང་གལ་ཆེ་ཤོས་ཡིན། སྤྱི་ཚོགས་གང་ཞིག་ཏུ་རང་ཉིད་དང་བསམ་ཚུལ་མི་མཐུན་པ་ཞིག་གིས་ཁ་གྲག་ཡོང་བའི་སྐབས་སུ་དེ་ལ་འབུར་འཇོམས་ཁོ་ན་བྱེད་ཐབས་བྱེད་པ་ནི། སྤྱི་ཚོགས་དེར་ད་དུང་མང་གཙོའི་ཁོ་ལག་ཡོངས་སུ་རྫོགས་མེད་པ་གསལ་པོ་མཚོན་ཡོད། འོན་ཀྱང་མང་གཙོའི་སྤྱི་ཚོགས་ནང་ཁ་གྲག་དགོས་པའི་གནད་དོན་གང་ཡིན་ཡང་། གཞི་མེད་སྐུར་འདེབས་དང་སྤྱི་ཚོགས་ནང་ཆེད་དུ་དཀྲོག་གཏམ་བཤད་པ། ལྷག་པར་དུ་བསམ་བཞིན་རྫུན་བཟོ་བྱས་པའི་གཏམ་འཆལ་རིགས་སྤེལ་བ་ནི་དུས་ནམ་ཡང་སྨྲ་བརྗོད་རང་དབང་གི་ཁོངས་སུ་གཏོགས་པ་ཞིག་མིན། འོན་ཀྱང་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་གང་ཡིན་པ་དེ་ཁ་གསལ་པོའི་ཐོག་ནས་བརྗོད་ཆོག་དང་མི་ཆོག་གི་གནས་ཚུལ་སྤྱི་ཚོགས་གང་དུ་བྱུང་ནའང་། ད་དུང་དེར་མང་གཙོ་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོ་དགོས་པའི་དྲན་སྐུལ་ཞིག་ཏུ་ངོས་འཛིན་བྱེད་ཆོག

བཙན་བྱོལ་བོད་པ་ལ་མཚོན་ནའང་མང་གཙོའི་ལམ་དུ་བསྐྱོད་ནས་མི་ལོ་དྲུག་ཅུ་ལ་ཉེ་བ་དང་། མང་གཙོའི་ཉམས་མྱོང་དང་ལེགས་བྱང་གི་ཐོག་ནས་ཆ་རྒྱུས་གང་འཚམ་ཞིག་ཡོད་དགོས་པ་ཞིག་ཏུ་གྱུར་ཡོད། དོན་དངོས་སུའང་ལོ་སྔོན་མའི་འོས་བསྡུ་ཆེན་མོའི་སྐབས་སུ་སྤྱི་ཚོགས་ཆུང་ཆུང་འདི་ཉིད་འཐོར་ལ་ཁད་པ་དང་། འཁྲུག་ལ་ཁད་དུ་མེད་དམ་སྙམ་པའི་རྩོད་རྙོག་རྒྱུན་མི་ཆད་དུ་བྱུང་ཡོད་ཀྱང་། འོས་བསྡུའི་རྒྱལ་ཕམ་ཐག་ཆོད་ཟིན་པའི་རྗེས་གནད་དོན་ཡང་རིམ་པས་ཞི་འཇམ་དུ་གྱུར་པ་ལྟ་བུ་རེད། འཛམ་གླིང་གི་མང་གཙོའི་མིག་དཔེར་འོས་པའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་རྩོད་རྙོག་མང་པོ་ཞིག་བྱུང་སོང་བ་མ་ཟད། འོས་བསྡུ་གྲུབ་ནས་སྲིད་འཛིན་གསར་པའི་དམ་འབུལ་སྐབས་དང་། དེའི་རྗེས་སུའང་མུ་མཐུད་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་སྣ་ཚོགས་བྱུང་བ་རེད། འདི་དག་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡིན་མིན་བཤད་དཀའ་ཡང་། གལ་སྲིད་བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་འདི་ལྟ་བུ་བྱུང་ན་སྒྲིག་འཛུགས་འདི་ཉིད་མུ་མཐུད་རྒྱུ་ཁག་པོ་རེད།

རྩ་བས་མང་གཙོའི་རང་དབང་གི་ས་མཚམས་དང་། སྨྲ་བརྗོད་རང་དབང་གི་སྒྲོམ་གཞི་བཅས་རྒྱལ་ཁབ་སོ་སོར་ཁྲིམས་ལུགས་འདྲ་མིན་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་<<ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས།>> དོན་ཚན་དང་པོ། “འགྲོ་བ་མིའི་རིགས་རྒྱུད་ཡོངས་ལ་སྐྱེས་ཙམ་ཉིད་ནས་ཆེ་མཐོང་དང༌། ཐོབ་ཐང་གི་རང་དབང་འདྲ་མཉམ་དུ་ཡོད་ལ། ཁོང་ཚོར་རང་བྱུང་གི་བློ་རྩལ་དང་བསམ་ཚུལ་བཟང་པོ་འདོན་པའི་འོས་བབས་ཀྱང་ཡོད། དེ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་བུ་སྤུན་གྱི་འདུ་ཤེས་འཛིན་པའི་བྱ་སྤྱོད་ཀྱང་ལག་ལེན་བསྟར་དགོས་པ་ཡིན༎”ཞེས་པ་འདི་ཉིད་སྤྱི་ཡོངས་ནས་བསམ་བློ་གཏོང་སའི་གཞི་རྩ་ཞིག་ཏུ་གྱུར་ཡོད། བསམ་ཚུལ་མི་མཐུན་པ་དང་མཐུན་པ་གང་ལྟར་ཡང་ཕན་ཚུན་གཅིག་གིས་གཅིག་ལ་བུ་སྤུན་ལྟ་བུའི་འདུ་ཤེས་འཛིན་དགོས་པ་གཞི་རྩའི་ངོས་འཛིན་གཅིག་མཚུངས་ཡོད་དགོས་པ་ལས། སུ་ཡིན་ནའང་གནོན་ཤུགས་སྤྲད་དེ་སྤྱི་ཚོགས་ནས་ཟུར་འཕུད་བྱ་རྒྱུ་སོགས་ནི་ཐབས་ལམ་ཆེས་སྡུག་ཤོས་སུ་གྱུར་ཡོད།

བཙན་བྱོལ་སྤྱི་ཚོགས་སུ་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་འདི་ཉིད་ཀྱི་ནང་དོན་ཁག་གཞི་རྩར་བཞག་ནས་རྒྱ་གཞུང་ལ་རྩོད་གླེང་བྱས་ཡོད་ལ། ད་ལྟའི་ཆར་ཡང་གནད་དོན་འདི་ཉིད་ནི་མ་གླེང་ཐབས་མེད་དུ་གྱུར་ཡོད། དེར་བརྟེན་བོད་པ་ནང་ཁུལ་གྱི་གནད་དོན་ཆེ་ཆུང་ག་འདྲ་ཞིག་བྱུང་ཡང་གསལ་བསྒྲགས་ཀྱི་ནང་དོན་ཁག་དང་མཐུན་པ་ཞིག་གི་ཐོག་ལ་གོམ་པ་སྤོ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། འདས་པའི་ལོ་མང་རིང་གནས་ཚུལ་ཆུང་ཙག་རེ་ཟུང་ལས། རྒྱ་ཆེ་ས་ནས་གནད་དོན་འདི་ནི་བཙན་བྱོལ་བོད་པའི་བསམ་བློ་གཏོང་སའི་གཞི་རྩ་ལྟ་བུར་གྱུར་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ནང་གཞི་རིམ་གྱི་ཐོབ་ཐང་དུ་བཀོད་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཉིས་ཀ་བཙན་བྱོལ་བོད་མི་ལ་མཚོན་ན་གཞི་འཛིན་ས་ཡོད་ན་མེད་ན་དེ་ཆགས་ཡོད།

མདོར་ན་ཆོས་ལུགས་དང་། ཆབ་སྲིད། རིག་གནས་གསར་རྙིང་སོགས་གཞི་རྩ་གང་ལ་བརྟེན་ནས་བསམ་ཚུལ་མི་མཐུན་པ་ཤུགས་ཆེ་ཆུང་ག་འདྲ་ཞིག་བྱུང་ཡང་། དང་པོ་ནས་བསམ་ཚུལ་མི་མཐུན་ས་དེ་དག་དགྲ་ཡི་ཁོངས་སུ་གཅོད་མི་འོས་པ་དང་། སྤུན་ཟླའི་འདུ་ཤེས་ཀྱི་ཐོག་ནས་བསམ་ཚུལ་ཤོད་དགོས། འདི་ལས་བརྒལ་ནས་ཛ་དྲག་པོའི་སྐད་ཆ་མང་པོ་བཤད་ན། བཙན་བྱོལ་བོད་པའི་ཡ་རབས་བཟང་སྤྱོད་དང་། འཚེ་མེད་ཞི་བའི་ལྟ་གྲུབ་ལག་བསྟར་གྱི་ཁྱབ་བསྒྲགས་དག་ཀྱང་རང་བཞིན་གྱིས་ཁྱད་མཚར་ཞིག་ཏུ་འགྱུར་ངེས་རེད། བཙན་བྱོལ་བོད་པས་རྒྱ་དམར་དྲག་གཞུང་ལ་ཁ་གཏད་མ་བཅགས་པ་ཙམ་གྱིས་འཚེེ་མེད་ཞི་བ་རུ་བརྩིས་ན་དེ་ནི་ནུས་པས་མ་ལྕོགས་པ་ཙམ་ལས་དོན་གྱིས་འཚེ་མེད་ཞི་བ་ཞིག་ཏུ་གྱུར་ཡོད་མེད་ཀྱི་དྲི་བར་ང་ཚོས་ལན་འདེབས་ཁག་ཙམ་ཡོང་སྲིད། དེར་བརྟེན་འདྲ་མཉམ་དང་འཚེ་མེད་ཞི་བ་གཞིར་བཟུང་གི་ཐོག་ནས་མི་སུ་ཡིན་ཡང་། བསམ་ཚུལ་མི་མཐུན་ཡང་ཁ་གྲག་ཆོག་པའི་ཐོབ་ཐང་འདི་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེན་པོ་ཡིན་སྙམ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||