བོད་ནང་གི་རིག་གསར་ལ་བསྐྱར་བལྟ་བྱེད་པ།

ཟླ་འདིའི་ཚེས་༢༨ ཉིན་དྷ་ས་མེག་གྷན་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་ནང་གི་རིག་གནས་གསར་བརྗེ་ལ་བསྐྱར་བལྟ་བྱེད་པ་ཞེས་པའི་དཔར་རིས་ཀྱི་འགྲེམས་སྟོན་དང་བགྲོ་གླེང་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། རིག་གནས་གསར་བརྗེ་མཇུག་བསྒྲིལ་ནས་ལོ་༥༠ འགྲོ་ཡི་ཡོད་ཀྱང་། བོད་ནང་དུ་རིག་གསར་གྱི་ལས་འགུལ་རིམ་པ་མུ་མཐུད་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

14894431_1298283263549414_1396782211_oདེ་གར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཕྱི་དྲིལ་གྱི་དྲུང་ཆེ་རྣམ་པ་གཉིས། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

ཐོག་མར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་འགྲེམས་སྟོན་གྱི་ངོ་སྤྲོད་དང་དམིགས་ཡུལ་ངོ་སྤྲོད་གནང་དོན། འདི་ལོ་བོད་ནང་དུ་རིག་གནས་གསར་བརྗེ་བྱུང་ནས་མི་ལོ་༥༠ འགྲོ་ཡི་ཡོད་པ་དང་བསྟུན། མི་རབས་གསར་པ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར། སྐབས་དེའི་བོད་ནང་གི་དངོས་ཡོད་བྱུང་བའི་ལོ་རྒྱུས་ངོ་སྤྲོད་བྱེད་རྒྱུར་དམིགས་ནས། དཔར་རིས་འགྲེམས་སྟོན་དེ་གོ་སྒྲིག་བྱས་ཡོད་པ། དེ་བཞིན་སྤྱིར་བཏང་རྒྱ་ནག་ནང་རིག་གནས་གསར་བརྗེ་དེ་ཕྱི་ལོ་༡༩༦༦ ལོར་མའོ་ཙེ་ཏུང་གིས་གསལ་བསྒྲགས་བྱས་ཡོད་ཀྱང་། བོད་ནང་དུ་ཕྱི་ལོ་༡༩༥༩ ལོ་ནས་རིག་གསར་གྱི་ལས་འགུལ་རིམ་པ་སྤེལ་འགོ་བཙུགས་ཟིན་ཡོད་པ། རིག་གནས་གསར་བརྗེའི་སྔོན་ནས། བོད་ནང་དུ་དགོན་པ་བརྒྱ་ཆ་༩༧ གཏོར་བཤིག་བཏང་ཚར་བ། གྲྭ་བཙུན་གྲངས་འབོར་བརྒྱ་ཆ་༩༣ ཉུང་དུ་ཕྱིན་ཡོད་པ་བཅས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡིག་འབྲུ་ཁྲི་བདུན་ནང་འཁོད་ཡོད་པ། རིག་གནས་གསར་བརྗེའི་དུས་ཡུན་ཕྱི་ལོ་༡༩༦༦ ནས་༡༩༧༦ བར་གྱི་ལོ་བཅུའི་རིང་བོད་ཀྱི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གོམས་གཤིས་སོགས་མི་རིགས་ཀྱི་ངོ་བོ་མཚོན་པ་རྣམས་ལ་དམ་དྲག་ཆེ་རུ་བཏང་ཡོད་པ། དེ་བཞིན་རྒྱ་ནག་ནང་གི་རིག་གནས་གསར་བརྗེ་དེ་མའོ་ཡིས་རང་ཉིད་ཀྱི་དགྲ་བོ་རྩ་མེད་བཟོ་ཆེད་ཡིན་ཡང་། བོད་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སོགས་རྩ་མེད་བཟོ་རྒྱུར་དམིགས་པ་ཡིན་སྐོར་དང་། ཕྱི་ལོ་༡༩༧༦ ལོའི་ཟླ་༩ པའི་ནང་མའོ་ཤི་ནས་རིག་གསར་མཇུག་བསྒྲིལ་བྱེད་སྐབས། བོད་ནང་དགོན་པ་ལྷ་ཁང་སོགས་༦༠༠༠ ལྷག་གཏོར་བཤིག་བཏང་ཡོད་པ། དགོན་པའི་ནང་གི་སྐུ་རྟེན་རྒྱུ་ཆ་རིགས་མང་པོ་ཞིག་རྒྱ་ནག་ཏུ་དབོར་འདྲེན་དང་རྒྱལ་སྤྱིའི་ཁྲོམ་རྭར་བཙོང་བ་སོགས་བྱས་ཏེ་ལྷག་མེད་པ། བོད་མི་༩༢,༠༠༠༠ ལྷག་དུས་མིན་རྐྱེན་འདས་དང་རང་ཤི་བརྒྱབ་ཡོད་པ་དང་། བོད་མི་༡,༧༣,༠༠༠ ལྷག་བཙོན་ཁང་དང་ངལ་སྩོལ་སྒྱུར་བཀོད་རྭ་བའི་ནང་གྲོངས་ཡོད་སྐོར་བརྗོད་སོང་།

དེ་བཞིན་ཁོང་གིས་མུ་མཐུད་དུ། རིག་གསར་སྐབས་བོད་མི་རྣམས་ཀྱི་མྱངས་བའི་དཀའ་སྡུག་རྣམས་དཔར་རིས་འགྲེམས་སྟོན་དེའི་ནང་མཚོན་ཐབས་བྲལ་བས། འདི་གར་དཀའ་སྡུག་གི་ཆ་ཤས་ཕྲ་མོ་ཙམ་ཞིག་ཐེར་འདོན་བྱས་ཡོད་པ། སྤྱིར་རིག་གསར་མཇུག་བསྒྲིལ་ཡོད་ཀྱང་། བོད་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

དེ་ནས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས། རིག་གསར་མཇུག་བསྒྲིལ་ཡོད་ཀྱང་། བོད་ནང་དུ་བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བཞིན་པ་སོགས་ལས། བོད་ནང་དུ་རིག་གསར་གྱི་ལས་འགུལ་མུ་མཐུད་འགྲོ་བཞིན་ཡོད་པ་གསལ་པོ་ཡིན་པ། སྤྱིར་རྒྱ་ནག་གཞུང་གིས་དུས་དྲན་སྲུང་བརྩི་དང་ལོ་རྒྱུས་དྲན་གསོ་སོགས་བྱེད་པའི་གོམས་གཤིས་ཡོད་པ་རེད་དེ། བོད་བཅིངས་གྲོལ་བཏང་བ་སོགས་ཀྱི་དུས་དྲན་ལས། རིག་གསར་གྱི་དུས་དྲན་ལྟ་བུ་མེད་ཁར། དེའི་སྐོར་གླེང་སློང་བྱེད་པ་ཡང་བོད་དང་རྒྱ་ནག་ནང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པས། དེས་ད་ལྟའི་རྒྱ་ནག་གཞུང་རིག་གསར་གྱི་ལོ་རྒྱུས་དེར་ངོ་ཚ་ཡི་ཡོད་པ་གསལ་པོ་ཡིན་པ། དེ་བཞིན་རིག་གསར་བསྐྱར་བལྟ་བྱེད་རྒྱུ་གལ་ཆེན་ཡིན་དོན་ནི། དེའི་གནོན་ཤུགས་ལས་རྒྱ་གཞུང་ལ་རང་ཉིད་ཀྱིས་སྔར་ནོར་འཁྲུལ་ཤོར་ཡོད་པ་དང་དེ་མུ་མཐུད་འགྲོ་བཞིན་ཡོད་པ་དྲན་གསོ་བྱེད་པ་དང་། དེ་ལས་སློབ་གསོ་ཞིག་ལེན་པའི་རེ་བ་རྒྱག་གི་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་རིག་གསར་གྱི་ཉམས་མྱོང་ལས། སྲིད་གཞུང་གི་སྲིད་ཇུས་དང་གདུག་རྩུབ་འོག་དཀའ་སྡུང་མྱོང་མཁན་ནི་མི་མང་། བོད་མི་དང་རྒྱ་མི་གཉིས་ཀ་ཡིན་པ་གསལ་པོ་ཡིན་པས། གལ་ཆེ་ཤོས་དེ་མ་འོངས་པར་རྨ་ཁ་སོས་པ་བྱས་ནས་གོམས་པ་མདུན་སྐྱོད་བྱེད་པའི་བསམ་བློ་སླེབས་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་སོང་།

དེ་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གསུང་དོན། དུས་དྲན་སོགས་བྱེད་སྐབས་གཙོ་བོ་ཚོར་བ་སོས་པའི་ཐོག་ནས་བྱེད་རྒྱུ་གལ་ཆེན་ཡིན་པས། ཐེངས་འདིའི་རྗེས་དྲན་དང་བགྲོ་གླེང་འདི་དཔེ་མཚོན་ཞིག་ཏུ་མཐོང་བ། རྒྱ་ནག་ནང་གི་རིག་གསར་སྤྱི་དང་ལྷག་པར་དུ་བོད་ནང་དུ་རིག་གསར་སྤེལ་སྟངས་ལ་བསྐྱར་བལྟ་བྱས་ན། དེ་ནི་རྒྱ་ནག་གཞུང་རང་ཉིད་ངོ་གནོང་དགོས་པ་དང་། ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་ཕལ་ཆེར་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་ཡོད་པ་དྲན་གྱི་ཡོད་པ། དེ་བཞིན་མའོ་ཤི་ཚར་རྗེས་རིག་གསར་གྱི་ཉེས་པ་དེ་མི་བཞི་ཤོག་ཁག་ལ་གཡོག་སྟངས་བལྟས་ན། དེ་དུས་ནས་རྒྱ་ནག་གཞུང་ངོ་ཚ་ཡོད་པ་གསལ་པོ་ཡིན་སྐོར་གསུངས་སོང་།

14894555_1297080906982442_93515006_oཁོང་གིས་མུ་མཐུད་ནས་གསར་བརྗེ་བྱེད་སྟངས་མང་པོ་ཡོད་ཀྱང་། བོད་ནང་དུ་རིག་གསར་བྱེད་སྟངས་དེ་ནི་སྨྱོ་སྤྱོད་དང་། རྒྱུ་མཚན་དང་མི་མཐུན་པ་ཡིན་དུས། མི་མང་གི་སེམས་འགུག་ཐུབ་མེད་པ་མ་ཟད། སྔར་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་གསར་བརྗེ་ཡོང་བའི་རེ་བ་རྒྱག་མཁན་ཚོ་ཡང་བློ་ལོག་དགོས་པ་ཆགས་ཡོད་པས། སྐབས་དེའི་ཟིང་སློང་སྟངས་དེ་ནི་འཆར་གཞི་དང་མི་ལྡན་པ། གཟབ་གཟབ་མ་བྱས་པ། རང་ཉིད་དང་མིང་ལ་ཕན་པ་གང་འདྲ་ཡོང་མིན་བསམ་བློ་མ་བཏང་བ་གསལ་པོ་ཡིན་པ། དེ་བཞིན་ལྐུག་རྟགས་ཤིག་ལ། ཕྱི་ལོགས་ཀྱི་དགོན་པ་སོགས་གཏོར་བཤིག་བཏང་ན་ཆོས་རིག་སོགས་གཏོར་བཤིག་འགྲོ་ཡི་རེད་དྲན་ཡོད་ཀྱང་། ལོ་མང་རྗེས་ཆོས་རིག་གི་གཞི་རྩ་བོད་མིའི་སེམས་འགྱུར་བ་བཏང་ཐུབ་མེད་པ་རྟོགས་ཡོད་ཀྱི་རེད་དྲན་གྱི་ཡོད་པ་དང་རེ་བ་རྒྱག་གི་ཡོད་པས་། དེ་ལ་བརྟེན་ནས་སྲིད་ཇུས་ལ་འགྱུར་བ་ཡོང་བའི་རེ་བ་ཡོད་པ་སོགས་ཀྱི་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བཙན་བྱོལ་དུ་འབྱོར་རྗེས། བོད་མི་ཚོས་ཆོས་རིག་དེ་ཕྱི་དང་ནང་སེམས་གཉིས་ཀ་ལས་བསྐྱར་གསོ་བྱས་ཡོད་པ་དང་། དེ་ནི་རིག་གསར་གྱི་ལན་ཡག་ཤོས་ཡིན་པ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་ཆེན་ཡིན་པས། ཉམས་པ་སོར་ཆུད། མ་ཉམས་གོང་འཕེལ་གྱི་ཐོག་མི་རབས་ནས་མི་རབས་ལ་རྩིས་སྤྲོད་འགན་ལེན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

མཛད་སྒོའི་རྗེས་བོད་ནང་དུ་རིག་གསར་མྱངས་མྱོང་མཁན་བོད་མི་གསུམ་གྱིས་བགྲོ་གླེང་བྱས་ཡོད་པ་དང་། བགྲོ་གླེང་སྔོན་དུ་གསར་འགོད་པའི་དྲི་བར། སྤྱི་ཟུར་རྨེའུ་མགོན་པོ་མཚོས་ཁོ་མོ་ནི་རིག་གསར་མྱངས་མྱོང་མཁན་ཁྲི་ཕྲག་ལས་གཅིག་ཡིན་པ་དང་། དེ་རིང་རང་ཉིད་མྱངས་བའི་ལོ་རྒྱུས་བརྒྱུད། གཞོན་སྐྱེས་ཚོས་བོད་པའི་བུད་མེད་ཞིག་རྒྱ་ནག་འོག་སྡུག་པོ་མྱངས་བའི་ཚོར་བ་སླེབས་ནས་ཕན་ཐོགས་ཀྱི་རེད་དྲན་གྱི་ཡོད་སྐོར་དང་། བློ་བཟང་ཡོན་ཏན་གྱིས་རིག་གསར་སྐབས་ཁོང་བཙོན་ལ་ཡོད་པ་དང་། སྐབས་དེར་ཆོས་དང་རིག་གཞུང་། མིའི་གཤིས་ཀ་སོགས་གཏོར་བཤིག་སོང་ནས་གོད་ཆགས་ཆེན་པོ་བྱུང་ཡོད་པ་དང་། དེའི་ཤུགས་རྐྱེན་ད་ལྟའང་བོད་ནང་ཏོག་ཙམ་ལྷག་ཡོད་པའི་ཚོར་བ་ཡོད་པ། མི་རབས་རྒན་པ་རྫོགས་བཞིན་ཡོད་པས། གཞོན་པ་ཚོས་གནས་ཚུལ་དེ་དག་མི་བརྗེད་པ་དགོས་སྐོར་གསུངས་སོང་། དེ་བཞིན་ཕུར་པ་ཚེ་རིང་སྟོབས་རྒྱལ་གྱིས། དཔར་རིས་འགྲེམས་སྟོན་དེ་གལ་ཆེན་པོ་ཡིན་པ། རྒྱ་ནག་ལ་ཉི་ཧོང་གིས་བཙན་འཛུལ་བྱས་པ་དེ་ལོ་ལྟར་རྗེས་དྲན་བྱེད་ཀྱི་ཡོད་པ་ལྟར། རྒྱ་མིས་བོད་ལ་བཙན་འཛུལ་བྱས་པ་དང་རིག་གསར་སྐབས་བོད་མིར་སྡུག་པོ་བཏང་བ། བོད་ནང་གཏོར་བཤིག་བཏང་བ་སོགས་ནམ་ཡང་བརྗེད་མི་རུང་བ་ཡིན་པས་རྗེས་དྲན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དཔར་རིས་འགྲེམས་སྟོན་དེ་ཟླ་བ་བཞི་ཡི་རིང་དེ་གར་འགྲེམས་སྟོན་བྱེད་རྒྱུ་ཡིན་པ་དང་། དཔར་རིས་རྣམས་གསར་བརྗེ་འགོ་ཚུགས་པ། ལྷ་ལྡན་གཙུག་ལག་ཁང་གཏོར་བཤིག ལྷ་འདྲེ་གདོན་བགེགས་ལ་འཐབ་འཛིངས་བཏང་བ། མིང་བརྗེ་འགྱུར། ལྷ་གསར་པ་བཟོས་པ། དགོན་པ་གཏོར་བཤིག་བཅས་སྡེ་ཚན་དྲུག་ལ་བགོས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||