བོད་མི་ཚོང་པ་མོ་ལུང་རྩིས་གསུམ་ལ་བསྟེན་མཁན་མང་པོ་འདུག

tashi1རྒྱ་གར་ནང་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ཏུ་མཉམ་འབྲེལ་བཙུགས་ནས་ལོ་༥༤ འཁོར་བ་དང། སྤྱི་མཐུན་མཉམ་འབྲེལ་བཙུགས་ནས་ལོ་བཅུ་འཁོར་བའི་སྐབས་དང་བསྟུན། སྤྱི་མཐུན་མཉམ་འབྲེལ་འགན་འཛིན་བཀྲ་ཤིས་དབང་འདུས་ལ་བཅར་འདྲི་བྱས་ཡིན།
སྐུ་ཞབས་བཀྲ་ཤིས་དབང་འདུས་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐྱེས་པ་དང་། མ་སུ་རིའི་གཏན་སློབ་ནས་སློབ་མཐར་ཕྱིན་རྗེས། མཱེ་སོར་མཐོ་སློབ་ནང་ཚོང་ལས་རམ་འབྱམས་པའི་སློབ་གཉེར་བྱས། ༡༩༩༥ བྷེང་ལོར་དུ་ཚོང་ལས་འཛིན་སྐྱོང་ཐོག་སློབ་གཉེར་བྱས་པ་དང་། རིམ་པས་བོད་གཞུང་ལྡི་ལི་དོན་གཅོད་ཀྱི་དྲུང་གཞོན་དང་། ལྷོ་ཨ་ཧྥི་རི་ཀའི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། ལྷོ་སྤྱི་དང་། ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་བཅས་ཀྱི་འགན་ཁུར། དེ་རྗེས་ཨ་རིར་སློབ་གཉེར་དུ་བསྐྱོད་པ་དང་། ༢༠༡༠ ལོ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་འགན་འཛིན་གྱི་འགན་ཁུར་ཡོད་པ་རེད།
དྲི་བ། སྤྱི་མཐུན་མཉམ་འབྲེལ་འཛུགས་དགོས་པའི་དམིགས་ཡུལ་དང། ཚོང་ལས་ཀྱི་མ་རྩ་བསྡུ་རུབ་ག་འདྲ་བྱེད་ཀྱི་ཡོད་མེད་ངོ་སྤྲོད་གནང་རོགས།
ལན།  གཞིས་ཆགས་ཁག་གི་མཉམ་འབྲེལ་དེ་༡༩༦༡ ལོ་ནས་འགོ་བཙུགས་ཏེ། གཞིས་ཆགས་བཅོ་ལྔའི་ནང་མཉམ་འབྲེལ་བཅོ་ལྔ་དེབ་སྐྱེལ་བྱས་པ་དང་། གཞིས་ཆགས་ནང་གི་གཞིས་མི་རེར་ཧིན་སྒོར་༡༠ རེ་བསྡུས་ཏེ་འགོ་བཙུགས་པ་རེད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེ་བཀའ་ཤག་སྐབས་བཅུ་གཉིས་པའི་སྲིད་ཇུས་ཀྱི་དགོངས་དོན་ལྟར། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེ་མཉམ་འབྲེལ་ཁག་ཡར་རྒྱས་གཏོང་ཆེད་དུ་༢༠༠༥ ཕྱི་ཟླ་༥ ཚེས་༢༠ ཉིན་དེབ་སྐྱེལ་བྱས་པ་དང། དེའི་ཚོགས་མི་གཞིས་ཆགས་བཅོ་ལྔའི་མཉམ་འབྲེལ་བཅོ་ལྔ་ཆགས་ཡོད་པ་རེད། མཉམ་འབྲེལ་ཆེ་ཆུང་ལ་དཔག་པའི་མ་རྩ་བསྡུས་ཏེ། དེའི་སྐབས་ཧིན་སྒོར་འབུམ་༢༦༤ ཙམ་བྱུང་ཡོད་པ་རེད།
དྲི་བ། མཉམ་འབྲེལ་ཡོད་སའི་གཞིས་ཆགས་ཁག་ལས། གཞིས་ཆགས་གཞན་པ་ཁག་ལ་སྤྱི་མཐུན་མཉམ་འབྲེལ་དང་འབྲེལ་བ་ཡོད་པ་རེད་དམ།
ལན། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་ཚོ་མཉམ་འབྲེལ་གྱི་མི་ཡིན་དགོས་པ་རེད། གཞིས་ཆགས་གཞན་པའི་ནང་ཚོང་ལས་བྱེད་མཁན་ཡོད་རེད་མོད། མཉམ་འབྲེལ་ནང་ཚུད་ཀྱི་ཡོད་པ་མ་རེད། མཉམ་འབྲེལ་ཡོད་ས་ཚོའི་གཞིས་ཆགས་ཀྱི་མི་རང་ལོ་༡༨ ཟིན་པ་དང་། ཚོགས་མི་ཆགས་ཀྱི་ཡོད་པ་རེད་ལ། ད་ལྟ་ཚོགས་མི་སྟོང་ཕྲག་༢༤ ཙམ་ཡོད།

དྲི་བ། སྤྱི་མཐུན་མཉམ་འབྲེལ་གྱི་ལས་བསྡོམས་ནང་སྲོལ་རྒྱུན་སོ་ནམ་གྱི་སྟོན་འབྲས་ཕྱིར་ཚོང་བྱས་སྐོར་འཁོད་འདུག སྲོལ་རྒྱུན་སོ་ནམ་གྱི་ལས་གཞི་དེ་ད་ལྟ་ག་འདྲ་བྱུང་ཡོད་པ་རེད་དམ།
ལན། གཞིས་ཆགས་ཕལ་ཆེ་བ་ཞིང་པ་ཡིན་པས། མཉམ་འབྲེལ་གྱི་ལས་གཞི་དེ་ཞིང་པ་ཚོར་ཕན་ཐོགས་ཡོང་ཆེད་དུ་རེད་ལ། ཞིང་པ་ཚོར་ཞིང་ལས་ཀྱི་མཐུན་རྐྱེན་ག་རེ་དགོས་པ་མཉམ་འབྲེལ་གྱིས་གྲ་སྒྲིག་དང་། སྟོན་ཐོག་མཉམ་འབྲེལ་གྱིས་ཉར་ནས་གོང་འཕར་སྐབས་བཙོང་གི་ཡོད་པ་རེད། བཀའ་ཤག་སྐབས་༡༢ པའི་སྲིད་ཇུས་ཀྱི་དགོངས་དོན་སྲོལ་རྒྱུན་སོ་ནམ་གྱི་ལས་གཞི་བརྩམས་པ་རེད། མཉམ་འབྲེལ་གྱིས་བཀའ་ཤག་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཆེད་ཚོང་ར་བཙལ་བ་དང། བོད་ཀྱི་“སྐྱེ་ལྡན་སྟོན་འབྲས་”ཞེས་མིང་བཏགས་ཏེ། ཚད་ལྡན་ཡིན་པའི་ངོས་སྦྱོར་རག་ཐབས་དང་ཕྱིར་ཚོང་བྱེད་ཐབས་བྱས་པ་རེད། བར་ལམ་ཞིག་ལ་སྲོལ་རྒྱུན་སོ་ནམ་གྱི་ལས་གཞི་ཤུགས་ཆེན་པོ་བྱས་པ་རེད། ཡིན་ནའང། ཐོག་མར་འགོ་འཛུགས་དུས་ཀུན་གསབ་མང་པོ་སྤྲད་ནས། སྲོལ་རྒྱུན་སོ་ནམ་འདེབས་མཁན་ཤུགས་ཆེན་པོ་བྱུང་བ་རེད། དེ་ནས་ཀུན་གསབ་མཚམས་བཞག་པ་དང། སྲོལ་རྒྱུན་སོ་ནམ་འདེབས་ལས་བྱེད་མཁན་ཉུང་ཉུང་ཆགས་ནས། ད་ལྟ་ཁྲོམ་ར་འཚོལ་རྒྱུའི་ལས་གཞི་ཡོད་པ་མ་རེད།

དྲི་བ། མཉམ་འབྲེལ་གྱི་ལས་བསྡོམས་ནང་རྒྱ་གར་མཐོ་སློབ་ཁག་ལ་བོད་པའི་སློབ་མ་གཏོང་ཆེད།  རྒྱ་གར་མཐོ་སློབ་ཅིག་གི་ནང་སློབ་མ་༧༥ ལ་སློབ་ཡོན་བརྒྱ་ཆ་དགུ་བཅུ་ཆག་ཡང་ཡོང་ཐབས་བྱས་ཡོད་སྐོར་འཁོད་འདུག་ན། དེའི་ནང་སློབ་མ་འཛུལ་ཞུགས་བྱེད་སྟངས་དང་ཆ་རྐྱེན་ག་རེ་དགོས་པ་རེད་དམ།
ལན།  ཤེས་ཡོན་ཐོག་ལས་གཞི་མང་པོ་ཡོད་པ་རེད། ཡིག་རྒྱུགས་གཏོང་ཆེད་དུ་སློབ་མ་ཚོར་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད་ལ། གཙུག་ལག་སློབ་གྲྭ་དེ་འདྲར་འབྲེལ་བ་བྱས་ནས་གོ་སྐབས་སྤྲོད་རོགས་ཟེར་གྱི་ཡོད་པ་རེད། བྷེང་ལོར་ལོ་༦༠ ལྷག་འགོར་བའི་གཙུག་ལག་སློབ་གྲྭ་ཞིག་ཡོད་པ་དེར་འབྲེལ་བ་བྱས་པ་རེད་ལ། དེར་རྒྱལ་ཁབ་༢༩ ཙམ་གྱི་སློབ་མ་སྟོང་ཕྲག་༡༧ ཙམ་འདུག སྒེར་གྱི་མཐོ་སློབ་རེད་ལ། ཕྱི་རྒྱལ་མི་མང་པོ་དང་སློབ་ཡོན་ཆེན་པོ་རེད་འདུག དེའི་ནང་གཙོ་བོ་རིགས་གཅིག་རྐང་འཛིན་ཆེད་འཕྲུལ་རིགས་དང་། སྨན་ཞབས་པ། ཚོང་གི་སྐོར་ལ་སློབ་གཉེར་བྱེད་མཁན་བོད་ཀྱི་སློབ་མ་༧༥ ལ་སློབ་ཡོན་བརྒྱ་ཆ་དགུ་བཅུ་ཆག་ཡང་བྱས་ཏེ། ༧རྒྱལ་བ་རིན་པོའི་ཆེའི་མཚན་ཐོག་ནས་ཏཱ་ལའི་བླ་མའི་སློབ་ཡོན་ཞེས་མིང་བཏག་སྟེ་གནང་བ་རེད། འདེབས་སྒྲིག་བྱེད་སྟངས་སློབ་གྲྭའི་དྲ་རྒྱའི་ཐོག་དེབ་སྐྱེལ་དགོས་པ་དང་། དྲ་ཐོག་ནས་ཡིག་ཚད་བཏང་སྟེ་དེ་ལ་གཞི་འཛིན་དགོས་པ་རེད།

དྲི་བ།  སྤྱི་མཐུན་མཉམ་འབྲེལ་གྱིས་བྷེང་ལོར་སོགས་གྲོང་ཁྱེར་ནང་ཚོང་གི་ཁྲོམ་ར་ཁག་ཅིག་བསྐྲུན་ཡོད་པ་དང་། སྲིད་སྐྱོང་གིས་ཚོང་གི་ཁེ་ཕན་གཙོ་བོ་མ་ཡིན་པར། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་ཡོང་ཐབས་སུ་གཞིས་ཆགས་ཁག་ཏུ་མི་མང་མཉམ་གནས་ཡོང་ཐབས་སོགས་དགོས་སྐོར་གསུངས་སོང་། དེའི་ཐོག་དགོངས་ཚུལ་གང་ཡོད་དམ།
ལན། གཞིས་ཆགས་སྲ་བརྟན་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད་ལ། གཞིས་ཆགས་ཁག་གི་ནང་དུ་ཡང་ཁྲོམ་ར་འཛུགས་ཀྱི་ཡོད་པ་རེད། གཞིས་ཆགས་ནང་ཚོང་རྒྱག་མཁན་དང་ཕྱི་ལོག་ལ་ཚོང་རྒྱག་མཁན་རིགས་འདྲ་མི་འདྲ་ང་ཚོའི་སྤྱི་ཚོགས་ནང་མང་པོ་ཡིན་པས། གཞིས་ཆགས་གཅིག་པུའི་ནང་མ་གཏོགས་ང་ཚོས་ལས་ཀ་བྱེད་རྒྱུ་མིན་ལབ་ན། ང་ཚོའི་ལས་གཞི་གུ་དོགས་པོ་ཆགས་འགྲོ་ཡི་རེད།  གྲོང་ཁྱེར་ནང་ཚོང་རྒྱག་མཁན་ལ་གོ་སྐབས་དགོས་པ་དང་། གཙོ་བོ་གཞིས་ཆགས་ཁག་ལ་དམིགས་ཡོད་པ་རེད། གཞིས་ཆགས་ནང་སྡོད་མཁན་ལས་གྲོང་ཁྱེར་ནང་གོ་སྐབས་མ་སྤྲད་ན། མི་སྡོད་ཐུབ་མཁན་ཚོ་གཞིས་ཆགས་ནས་འདུག་རྒྱུ་རེད་མོད། འདུག་མི་ཐུབ་མཁན་དེ་གང་ལྟར་འགྲོ་ཡི་རེད། ང་ཚོར་གྲོང་ཁྱེར་ནང་སོ་སོར་ཁྲོམ་ར་མེད་པའི་དཀའ་ངལ་མང་པོ་འཕྲད་ཀྱི་འདུག གྲོང་ཁྱེར་ཁག་ཏུ་བོད་མི་ཚོང་རྒྱག་མཁན་མང་པོ་ཡིན་པས།  ཁང་པ་གླ་དགོས་ཀྱི་ཡོད་པ་རེད། ས་ཆ་གསར་པ་ཡིན་དུས་ཁང་གླ་ཆུང་ཆུང་བྱས། ས་ཆ་ཡག་པོ་ཆགས་ཡོང་དུས་ཁང་བདག་གིས་ཁང་གླ་ཆེན་པོ་ཡར་སྤར་ནས། དེ་སྤྲད་མ་ཐུབ་ན་ཕྱིར་ཕུད་གཏོང་བའི་དཀའ་ངལ་ཡོད་པ་རེད། དེར་བརྟེན་ད་ལྟ་བྷེང་ལོར་དུ་ཁྲོམ་ར་བཙུགས་ཡོད་པ་དང་། མ་འོངས་པར་ལྡི་ལི་སོགས་གྲོང་ཁྱེར་ནང་སྒྲིག་འཛུགས་གཅིག་གི་འོག་ཁྲོམ་ར་བཙུགས་ཐུབ་དགོས་ཀྱི་འདུག

དྲི་བ། སྤྱི་མཐུན་མཉམ་འབྲེལ་གྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་མིའི་ཚོང་གི་ཁེ་ལས་སྐོར་ལ་ཚོགས་འདུ་ཞིག་ཀྱང་འཚོགས་འདུག བོད་པའི་ཚོང་གི་གནས་བབས་དང་ཚོང་རྒྱག་སྟངས་ག་འདྲ་འདུག་གམ།
ལན། བོད་པའི་སྤྱིར་བཏང་ཚོང་རྒྱག་སྟངས་དེ་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་མཁན་ཉུང་ཉུང་རེད། “བརྒྱ་ཕར་བཏང་ནས་སྟོང་ཚུར་བཀུག་དགོས་”བསམ་མཁན་དང་ལོ་གཅིག་གཉིས་ནང་ལ་ཡག་པོ་ཆགས་ཐབས་བྱེད་ཀྱི་འདུག ན་ནིང་ང་ཚོས་ཚོང་པ་བརྒྱ་ལྷག་ཅིག་ལ་འདྲི་རྩད་བྱས་ཏེ་ཞིབ་འཇུག་བྱས་ཡིན། མོ་ལུང་རྩིས་གསུམ་ལ་བསྟེན་མཁན་མང་པོ་འདུག་ལ། ཚོང་ཡག་པོ་བྱུང་སྐབས། ཁེ་བཟང་དེས་ཚོང་ཡར་རྒྱས་གཏོང་དགོས་པ་རེད། ང་ཚོས་ཚོང་གི་ཁེ་བཟང་ཅུང་རག་པ་དང་ནང་ཆས་འདྲ་མིན་དང་སྦག་སྦག་སོགས་ཅ་ལག་ཉོས་ཏེ་ཚོང་ཡར་རྒྱས་གཏོང་ཐུབ་ཀྱི་མི་འདུག དེ་ནས་ཚོང་ལས་ལ་གཙོ་བོ་དེབ་སྐྱེལ་དགོས་པ་རེད་མོད། མང་པོ་ཞིག་གིས་དེ་བྱེད་ཀྱི་མི་འདུག ང་ཚོས་དེབ་སྐྱེལ་བྱེད་རྒྱུར་རོགས་པ་བྱེད་ཀྱི་ཡོད་ལ། དེབ་སྐྱེལ་བྱས་ཏེ་རྒྱ་གར་གཞུང་ལ་ཁྲལ་སྤྲད་དགོས་པ་དེ་སྤྲད་དགོས་རེད་ཟེར་གྱི་ཡོད། དེབ་སྐྱེལ་མེད་དུས་ཚོང་ལ་འགོག་རྐྱེན་ཡོང་གི་རེད། རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ཚོང་རྒྱག་གི་ཡོད་པ་རེད་ལ། མ་འོངས་པར་ཕྱི་རྒྱལ་ཁག་ཏུ་ཕྱིར་ཚོང་དེ་འདྲ་བྱེད་ཐུབ་ན། ང་ཚོ་བོད་པ་ཡང་ས་ཡའི་བདག་པོ་དང་དུང་ཕྱུར་བདག་པོ་སླེབས་ཐུབ་པར་རེ་བ་ཡོད་པ་རེད། དེ་མིན་ཚོང་དེ་འཕྲལ་སེལ་རྐྱང་རྐྱང་བརྒྱབ་བསྡད་ན་ཕུགས་རྒྱང་རིང་པོར་གནས་རྒྱུ་ཁག་པོ་རེད་བསམ་གྱི་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||