བོད་རང་བཙན། རྒྱ་གར་གྱི་བདེ་འཇགས་ཞེས་པའི་ལས་འགུལ་སྤེལ་འཆར་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན། རྒྱ་གར་གྱི་བདེ་འཇགས་ཞེས་པའི་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དེའི་ངོ་བོ་དང་དམིགས་ཡུལ་མདོར་བསྡུས་ངོ་སྤྲོད་གནང་རོགས་ཞེས་ཟླ་འདིའི་ཚེས་༤ ཉིན་གཞོན་ལྷན་དྲུང་ཆེ་ལམ་བཟང་ལ་བཅར་འདྲི་བྱས་པར།

ཁོང་གིས།  “བོད་རང་བཙན། རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པའི་སྐད་འབོད་ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་མཐོ་རིམ་མི་སྣ་དང་མི་མང་ནས་བོད་རང་བཙན་སྐབས་བོད་དང་རྒྱ་གར་དབར་ས་མཚམས་ཀྱི་དཀའ་ངལ་མེད་པ་དང་། གལ་སྲིད་བོད་དེ་རང་བཙན་རྒྱལ་ཁབ་སླར་གསོ་ཐུབ་ན་ད་ལྟ་རྒྱ་གར་གཞུང་ནས་ས་མཚམས་སྲུང་སྐྱོབ་ཆེད་འགྲོ་སོང་ཕོན་ཆེན་ཞིག་གཏོང་བཞིན་པ་རྣམས་རྒྱལ་ཁབ་ཡར་རྒྱས་དང་མི་མང་གི་བདེ་སྡུག་ཆེད་གཏོང་ཆོག་པ་མ་ཟད།  ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ས་མཚམས་བཙན་འཛུལ་བྱ་བའི་བློ་འཚབ་སོགས་གཏན་ནས་མི་དགོས་པར་རྒྱ་གར་རྒྱལ་ཁབ་དེ་བཞིན་བདེ་འཇགས་ངང་གནས་ཐུབ་པ་ཡོང་ངེས་པའི་དངོས་ཡོད་ཀྱི་གནས་སྟངས་ཤེས་རྟོགས་ཡོང་ཐུབ་པ་བྱ་རྒྱུ་མ་ཟད། རང་རེ་བོད་མི་ཚོས་བོད་རང་བཙན་དེ་རྒྱ་གར་དབུས་སའི་གཞུང་དང་མི་མང་གི་ཁེ་ཕན་དང་འབྲེལ་བ་ངེས་ཅན་ཆགས་ཡོད་པ་དང་། ཕུགས་རྒྱང་རིང་པོར་བོད་དང་བོད་མིའི་མདུན་ལམ་ཐོག་བསམ་བློ་བཏང་ན་བོད་རང་བཙན་དེ་མེད་ན་མེད་ཐབས་ཡིན་པ་ངེས་ཤེས་གསལ་པོ་ཡོང་ཐབས། ལྷག་པར་དུ་རྒྱ་ནག་གཞུང་ལ་འདས་པའི་ལོ་རྒྱུས་ནང་བོད་དང་རྒྱ་གར་གྱི་ས་མཚམས་ཡོད་པ་མ་གཏོགས་རྒྱ་དཀར་ནག་དབར་ས་མཚམས་ཤིག་མེད་པས་རྒྱ་གར་དང་བོད་ཀྱི་ས་མཚམས་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་གཏོགས་དང་རྩོད་རྙོག་སློང་རྒྱུའི་དབང་ཚད་མེད་པ་གསལ་སྟོན་བྱ་ཆེད་བཅས་ཀྱི་ཆེད་དུ་ཡིན་”ཞེས་འགྲེལ་བརྗོད་བྱས་སོང་།

དུས་ཚོད་དེ་༨ པའི་༡༡ འདེམས་དགོས་པར་དམིགས་ཡུལ་འདྲ་ཡོད་རེད་དམ་ཞེས་དྲིས་པར། “༨ ཚེས་༡༡ ལ་སྤེལ་བའི་ཟླ་ཚེས་ཀྱི་ཆ་ནས་དམིགས་བསལ་གནད་འགག་གང་ཡང་མེད་”ཅེས་འགྲེལ་བརྗོད་བྱས་སོང་།

དེང་སྐབས་བོད་དོན་ལས་འགུལ་རིགས་སྤེལ་སྐབས། མི་མང་མཉམ་ཞུགས་བྱེད་མཁན་སྔོན་མ་བཞིན་ཡོང་གི་མི་འདུག་ཟེར་མཁན་འདུག གཞོན་ལྷན་གྱིས་དེ་འདྲ་མཐོང་གི་ཡོད་དམ། ཡོད་རྒྱུ་མཚན་གང་ལ་ཐུག་རེད་བསམ་གྱི་ཡོད་ཅེས་དྲིས་པར།
ཁོང་གིས། “དེང་སྐབས་བོད་དོན་ལས་འགུལ་ཙམ་མ་ཡིན་པར་བོད་ཀྱི་དམིགས་བསལ་དུས་དྲན་དང་དུས་ཆེན་སོགས་སྲུང་བརྩི་ཞུ་སྐབས་དང་། བོད་ཀྱི་གནད་ཡོད་མི་སྣ་སུ་འདྲ་ཞིག་གིས་གཏམ་བཤད་གནང་བ་དང་ཚོགས་འདུ་འཚོགས་པ་སོགས་གང་ཡིན་རུང་མི་མང་མཉམ་ཞུགས་བྱ་མཁན་འདས་པའི་ལོ་ངོ་ལྔ་དྲུག་གི་གོང་དང་བསྡུར་ན་ཆེས་ཉུང་དུ་སོང་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་ལ་མེད་བཞིན་དུ་ཡོད་མདོག་གིས་འདྲ་ཆགས་པོ་བཤད་དགོས་དོན་མི་འདུག དེ་ལྟར་ཆགས་དགོས་པའི་རྒྱུ་མཚན་མང་པོ་རེད། གཅིག་དེ་ང་ཚོའི་མི་མང་ལ་མང་གཙོའི་གོ་རྟོགས་དང་ཆབ་སྲིད་གོ་རྟོགས་སྐྱོ་དྲག་པ་དང་། གཉིས་དེ་སྔོན་མ་ང་ཚོའི་འཐབ་རྩོད་ཀྱི་སྣེ་ཁྲིད་པ་ཡིན་ནའང་འདྲ། ལས་ཀྱི་སྣེ་མོར་གཏོགས་པ་ཚོ་ཡིན་ནའང་འདྲ། ཚང་མས་མི་མང་ལ་གཏམ་བཤད་གནང་སྐབས་ང་ཚོས་བྱེད་དགོས་ཀྱི་རེད། ང་ཚོས་བྱེད་ཐུབ་ཀྱི་རེད། ང་ཚོའི་དགྲ་བོ་ལ་ང་ཚོས་རྒོལ་དགོས་ཞེས་བྱེད་དགོས་པའི་དགོས་རིགས་རྐྱང་བཤད་ཀྱི་ཡོད་ཀྱང་། དེང་སྐབས་ང་ཚོའི་ལས་ཀྱི་སྣེ་མོར་གཏོགས་པ་རེ་ཟུང་གིས་མི་མང་ལ་གཏམ་བཤད་གནང་སྐབས་སྔོན་མ་དང་མ་འདྲ་བར་ང་ཚོས་བྱེད་ཉན་གྱི་མ་རེད། བྱེད་ཆོག་གི་མ་རེད། བྱས་ན་ཕན་ཐོགས་ཡོད་མ་རེད། བོད་རང་བཙན་ཟེར་བ་ཡོང་ཐབས་ཡོད་མ་རེད། ཅིག་ཅིག་ལ་མཉམ་བཞུགས་བྱས་ན་ཡོང་གི་མ་རེད། ཉིས་ཉིས་ལ་རྒྱབ་སྐྱོར་བྱས་ན་ཡོང་གི་མ་རེད་ཟེར་ནས་སྐྱར་བཤད་ཡང་བཤད་བྱས་པས། མི་མང་གི་སེམས་ཤུགས་སྤར་རྒྱུའི་ཚབ་ལ་སེམས་ཤུགས་ཏོག་ཙམ་ཡོད་པ་དེ་ཡང་མེད་པར་བཟོས། མི་འགའ་ཤས་འཐོམ་འཇུག་གི་ཡོད། དཔེར་ན་དེང་སང་བོད་དོན་འཐབ་རྩོད་ཀྱི་སྣེ་ཁྲིད་བྱེད་མཁན་ཡིན་ཟེར་མཁན་གྱི་ཚོགས་པ་རེ་ཟུང་གི་འགན་ཁུར་མི་སྣས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལ་ངོ་རྒོལ་བྱེད་མི་ནུས་པའི་ཚད་ལ་ལྷུངས་ཡོད། དེ་རྒྱ་དམར་གྱིས་བཟོས་པ་མ་རེད། ང་རང་ཚོའི་མིས་བཟོས་པ་རེད། ཐབས་སྐྱོ་པོ་རེད།  གསུམ་པ་དེ་མི་མང་རང་གི་ངོས་ནས་བློ་རྩ་བརྟན་པོ་མེད་པ་མ་ཟད། ཐད་ཀར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་མེད་སོང་དུས་སེམས་ཤུགས་ཆགས་པ་དང་རེ་བ་ཟད་པའི་གནས་སྟངས་ཡང་ཡོང་གི་ཡོད། བཞི་པ་དེ་ང་ཚོའི་གཞི་རིམ་སློབ་གྲྭའི་ནང་ཆབ་སྲིད་སློབ་གསོ་སྐྱོ་དྲག་པ་རེད། ང་ཚོ་ཆབ་སྲིད་སྐྱབ་བཅོལ་བ་ཞིག་ཡིན་པ་དང་མི་རིགས་རྩ་མེད་འགྲོ་བཞིན་པའི་ཛ་དྲག་གི་གནས་བབ་དྲན་པ་བརྗེད་ནས་སློབ་གྲྭའི་ནང་ཆབ་སྲིད་བཤད་མ་ཆོག་པའི་བྱེད་ཕྱོགས་དེས་ལན་པ་རེད། འཛིན་གྲྭ་བཅུ་གཉིས་མ་ཐོན་གོང་ནས་ང་ཚོས་མི་རབས་གསར་པ་ཚོར་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ཞིག་ཁོང་ཚོའི་སེམས་ཁོང་ལ་བཅུག་མ་ཐུབ་ན་འཛིན་རིམ་བཅུ་གཉིས་ཐོན་རྗེས་རྒྱ་གར་མཐོ་སློབ་ཁག་ནས་ཁོང་ཚོར་བོད་དོན་གོ་རྟོགས་དང་བོད་མིའི་ལ་རྒྱ་སོགས་ནམ་ཡང་སློབ་མི་སྲིད་པས་འདི་ལྟར་ང་ཚོས་བོད་དོན་ལ་སེམས་ཁུར་མེད་པ་དང་རྒྱལ་ཞེན་དང་རིགས་ཞེན་མེད་པའི་ན་གཞོན་ཁྱུ་གཅིག་ཆགས་པ་རེད། ཁོང་ཚོའི་རིགས་ཀྱི་གཞས་སྣ་དང་རྩེད་མོ་སོགས་ལ་མ་གཏོགས་བོད་དོན་འཐབ་རྩོད་ལས་འགུལ་ལ་འགན་ཁུར་བྱ་རྒྱུ་ལྟ་ཅི། མཉམ་བཞུགས་ཀྱང་བྱ་འདོད་བྱེད་ཀྱི་མེད།  དེ་ལ་སོགས་པའི་རྒྱུ་མཚན་མང་པོ་ཡོད་ཀྱང་མདོར་བསྡུས་ན་དེ་ཙམ་རེད།  དེ་ལྟར་རིམ་པས་ང་ཚོའི་འཐབ་རྩོད་དེ་ང་རང་ཚོ་རང་གིས་མེད་པ་བྱེད་བཞིན་པ་དང་མཉམ་ཞུགས་བྱ་མཁན་གྱི་མི་མང་དེ་དག་རིམ་པས་མཉམ་ཞུགས་མི་བྱེད་མཁན་ཞིག་ཏུ་བསྒྱུར་བ་རེད། ཧ་ལས་པའི་ཐབས་སྐྱོ་པོ་རེད། བློ་ཕམ་གྱི་གནས་ཚུལ་རེད།

ཐེངས་འདིའི་ལས་འགུལ་ནང་རྒྱ་གར་མི་མང་མཉམ་ཞུགས་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ཁོང་གིས། “ད་ཐེངས་ཀྱི་ལས་འགུལ་དེ་ང་ཚོ་བོད་པ་རང་གི་ལས་འགུལ་ཞིག་ཡིན། འོན་ཀྱང་རྒྱ་གར་གནད་ཡོད་མི་སྣ་འགའ་ཞིག་བོད་ཀྱི་གནད་དོན་ཐོག་གཏམ་བཤད་གནང་མཁན་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||