བྱང་ཨ་རིའི་བོད་ཡིག་སློབ་དེབ་དང་འབྲེལ་བའི་བསམ་ཚུལ།

༼དོན་ཚན་གསུམ་ཀ་ཆ་ཚང་ཀློག་རོགས།༽

འདིར་དོན་ཚན་གསུམ་གྱི་ཐོག་ནས་བཤད་ན། 1༽ རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ། 2༽ སྐྱོན་ཆ་ཐེར་འདོན། 3༽ དག་ཐེར་གྱི་བསམ་ཚུལ།
1༽ ཤི་གསོན་བྱེ་མ་ལ་ཁར་སླེབས་པའི་བོད་ཀྱི་སྐད་ཡིག་འདི་ཉམས་ཐག་ཅིང་། དབུགས་འགག་ལ་ཉེ་ནས་ཡུན་རིང་སོང་ཡང་། ༸རྒྱལ་བ་ཡབ་སྲས་སོགས་བླ་ཆེན་སྐྱེས་ཆེན་ཁག་གིས་ལམ་སྟོན་གནང་བ་དང་། སྒེར་སོ་སོས་ཤུགས་བརྒྱབ་པ་ལྟ་བུ་ལས། གཞུང་གིས་རྐང་བཙུགས་ཏེ་འཆར་འགོད་གནང་བ་དཀོན་པོ་ཡིན་པས། ད་ལམ་བཙན་བྱོལ་ནང་གཞུང་འབྲེལ་གྱི་ཐོག་ནས་བོད་ཡིག་དང་འབྲེལ་བའི་ལས་འགུལ་འདི་འདྲ་བརྩམས་པ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ངང་ཐུགས་རྗེ་ཆེ་ཞུ། རྒྱུ་མཚན་ནི། ལས་འཆར་དེ་འདྲ་བརྩམ་པའི་བསམ་བློ་འཁོར་བ། ལས་ལ་དངོས་སུ་ཞུགས་པ། ལས་བྱེད་པའི་འབད་བརྩོན་སོགས་གང་ལ་བསམས་ཀྱང་། ལྟོས་ས་ལྟོས་འཇོག་གིས་བསྔགས་བརྗོད་ཞུ་འོས་རང་རེད། མ་ཟད། སྤྱི་པའི་ལས་དོན་གང་ཞིག་སྒྲུབ་སྐབས་མི་ཐམས་ཅད་སེམས་མཐུན་པ་ཧ་ཅང་དཀའ་ཞིང་། མི་མང་གི་ཁ་ལ་བདག་པོ་དེ་བས་དཀའ་བས། སྤྱི་པའི་ལས་བྱེད་པ་གང་མང་ཞིག་ཐོག་མ་ཉིད་ནས་སེམས་ཤུགས་ཆག་པའི་རྒྱུར་འགྱུར་ཉེན་ཆེ་སྟབས། ང་རང་ཐེ་བའི་བསམ་ཚུལ་བཟང་ངན་ཅི་རིགས་འབྲི་མཁན་དག་བསམ་བཞིན་དུ་བྱེད་པ་ཡིན་རུང་མིན་རུང་། སྤྱི་དོན་གྱི་ལས་འགུལ་འདི་རིགས་ལ་བཀག་རྡོར་མི་འགྱུར་བའི་རེ་བ་ཡོད།
ད་དུང་མི་མང་གིས་བཏོན་པའི་བསམ་ཚུལ་རྣམས་ལས་བཟང་ཞིང་རྒྱུ་མཚན་ལྡན་ལ། ཕུགས་སུ་བོད་ཀྱི་སྐད་ཡིག་གཉིས་ཀ་དང་། སྤྱོད་མཁན་གཞོན་སྐྱེས་ཚོ་ལ་ཕན་བྱེད་གང་ཡོད་ནའང་། འཕྲལ་ཕན་ཙམ་ལ་མི་དམིགས་པར། སྐྱོན་ཆ་ཡོ་སྲང་དང་། ལེགས་ཉེས་རྣམ་པར་འབྱེད་པའི་སྙིང་སྟོབས་ཆེར་སྐྱེད་ཀྱིས་ལས་མཚམས་མི་འཇོག་པར། མདུན་ནས་མདུན་དུ་བསྐྱོད་རོགས་ཞུ་བ་ཡིན།
ད་དུང་བསམ་འཆར་འདོན་མཁན་རིགས་གཅིག་གིས་བསམ་བཞིན་དུ་བྱས་པ་ཡིན་མིན་མི་ཤེས་ཀྱང་། ནོར་འཁྲུལ་ཅུང་ཟད་རེ་མཐོང་བ་དང་མི་གཞི་ལ་སྐྱོན་བརྗོད་ཚད་ལས་བརྒལ་བ་དང་། ད་དུང་དེ་བས་ཚབས་ཆེ་བ་དཔེར་ན། རྒྱ་མིའི་རྒྱུག་ཁྱི་དང་། བོད་མིའི་དགྲ་བོ། བོད་ཡིག་གི་གཤེད་མ་ཟེར་བ་སོགས་ཚིག་རྩུབ་ཅིང་ངར་ལ། དེ་ལས་སྡུག་ཏུ་མེད་པ་ཁོ་ན་སྤྱོད་ཅིང་། བཟང་ཕྱོགས་ཀྱི་ལམ་སྟོན་ཚིག་གཅིག་ཀྱང་མེད་པ་དེ་རིགས་ནི། སྤྱི་ཚོགས་ལ་ཕན་པ་ལས་གནོད་ཆེ་བའི་རིགས་སུ་མཐོང་།
དེས་ན་བསམ་པ་དཀར་ཞིང་སྤྱི་དོན་ལ་དམིགས་པ་ཞིག་ཡིན་ན། མི་གཞི་དག་ཐེར་དང་། བྱ་བ་དག་ཐེར། བརྩམས་ཆོས་དག་ཐེར་སོགས་ཚང་མ་མཉམ་དུ་བསྲེ་མི་རུང་བར། གང་ལ་དགག་གཞག་བྱེད་པ་དེ་ཉིད་ལ་ལུང་རིགས་ཀྱིས་བརྒྱན་ཏེ་གཏན་ལ་འབེབས་གལ་ཆེ་ཞེས་ཞར་བྱུང་དུ་ཞུ།

2༽ སྐྱོན་ཆ་ཐེར་འདོན།
ཀློག་དེབ་བམ་སློབ་དེབ་དེའི་མགོ་ནས་རིམ་བཞིན་སྐྱོན་ཆ་གང་ཡོད་རགས་ཙམ་གླེང་ནས་དག་ཐེར་བྱ།

1)  བྱ་ཚིག་རྗེས་མཐུན་པའི་དཔེར་བརྗོད་དེ་ཚོ་འགྲིག་ས་རེད་སྙམ། འོན་ཀྱང་ད་དུང་དེའི་ནང་སྤྱིར་བཏང་དམིགས་བསལ་སྐོར་ཅུང་ཟད་གསལ་པོ་བཟོ་དགོས་པར་འདུག །
2) མིང་དཔེ་རིས་ཅན་དེ་ཚོ་ཕལ་ཆེ་བ་ལེགས་པོ་འདུག སྤྱིར་བོད་པ་སྤྱི་ལ་མིང་ཡོངས་སུ་གྲགས་ཟིན་པ་དཔེར་ན། སྦག་སྦག ། པདྨ། པད་ཚལ་ཟེར་བ་ལྟ་བུ་རྣམས་ལ་ནི། སླར་ཡང་མིང་གསར་བརྗོད་མི་བདེ་བ་དེ་རིགས་མ་བཟོ་ན་ལེགས། རྒྱུ་མཚན་ནི། གཅིག་ནས་བོད་མི་ཀུན་ལ་ཡོངས་སུ་གྲགས་ཟིན་པ། གཉིས་ནས་འབྱུང་ཁུངས་གང་ཡིན་རུང་། དུས་ཀྱི་འཕེལ་རིམ་ནང་བོད་མིང་དུ་གྱུར་ཟིན་པ། གསུམ་ནས་གོམས་པའི་དབང་གིས་སྤྱོད་བདེ་བ་སོགས་ཁྱད་ཆོས་མང་པོ་དང་ལྡན་པས་རེད།
3) བྱ་ཚིག་རེའུ་མིག་ནང་བྱ་བའི་ཚིག་སྡེབ་ 21 བཀོད་འདུག་པ་ལས་ནོར་པ་གསུམ་བཞི་ཞིག་འདུག །
4) བྱ་ཚིག་སོ་སོའི་དཔེར་བརྗོད་འགོད་སྐབས། དཔེར་བརྗོད་དེ་དག་ལ་བལྟས་ན། ད་ལྟ་བ་དང་མ་འོངས་པ་གཉིས་ལ་བྱེད་སྒྲ་གཏན་ནས་མི་འཐོབ་པར་བྱས་འདུག་ཅིང་། འདས་ཚིག་ཐམས་ཅད་ལ་བྱེད་སྒྲ་ཐོབ་པས་ཁྱབ་མཐའ་བཅད་འདུག་སྙམ་པ་བྱུང་། དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད།
5) དགུ་རྩིས་སྐོར་དེའང་བརྗོད་བདེ་ཞིང་བློ་ལ་འཇགས་བདེ་བ་ཞིག་གཏན་ནས་བྱུང་མི་འདུག །
6) སྦལ་པ་དང་རུས་སྦལ་གྱི་སྒྲུང་གོང་འོག་གཉིས་ལ། བྱ་ཚིག་འགའ་རེ་ལ་བྱེད་སྒྲ་མི་འཐོབ་ཀྱང་བྲིས་འདུག་ལ། དགག་སྒྲའི་སྐུལ་ཚིག་སྤྱོད་སྟངས་ནོར་འདུག ད་དུང་སྒྲུང་འོག་མར་བསྐྱར་ལྡབ་རིང་པོ་ཞིག་དང་དག་ནོར་འགའ་ཤས་འདུག་སྟེ་དེ་ནི་དེ་ཙམ་ཚབས་མི་ཆེ།
7) ཁྲུང་ཁྲུང་གི་སྒྲུང་ལ། ཁྲུང་ཁྲུང་གི་བུ་སྤུན་གསུམ་ཞེས་པའི་མིང་དེའང་ནོར་འདུག ། ད་དུང་ཟས་པ་བཟས་པ་ལྟ་བུ་དོན་གཅིག་ལ་འདས་ཚིག་གང་བྱུང་སྤྱད་འདུག ་་་་སྦས་ཡོད་སེམས་ལ་བཞག ཟེར་བ་ལྟ་བུ་ཧ་ཅང་མི་བདེ་བ་ཡང་འདུག ད་རུང་། ་་་་སྤུན་རྒན་པ་དེས་གནམ་ལ་མིག་བལྟས།  ལྟ་བུ་ཡང་འདུག་སྟེ། རགས་ཙམ་བྱས་ན་དེ་འདྲ་རེད།

3༽ དག་ཐེར་གྱི་བསམ་ཚུལ།
གོང་དུ་སྐྱོན་ཆ་བཏོན་པ་དེ་དག་ལ་དག་ཐེར་བྱ་དགོས་ངེས་སུ་མཐོང་ནས་དག་ཐེར་གྱི་བསམ་ཚུལ་འགའ་བརྗོད་རྒྱུ་ཡིན། དེའང་འཛམ་གླིང་ཤར་ཕྱོགས་སུ་འཕགས་བོད་གཉིས་ལ་ནི། གནའ་སྔ་མོ་ནས་བཀའ་བསྟན་གྱིས་བསྡུས་པའི་བརྗོད་གཞི་ལ་སོགས་པ་རིག་གནས་གང་ལའང་མཁས་པ་ཕན་ཚུན་བར་དགག་གཞག་སྤོང་གསུམ་གྱི་ལམ་ནས་དག་ཐེར་བྱེད་སྲོལ་ཡོད་པས། གསར་པ་གང་ཡང་མིན་མོད། ནུབ་ཕྱོགས་སུ་ Critique དང་། Criticism ཞེས་པ་དཔྱད་བརྗོད་དང་། སྐྱོན་བརྗོད་ཅེས་པའི་རྩོམ་རིག་བྱེ་བྲག་པ་ཞིག་རིམ་གྱིས་རིག་གསར་བསྐྱར་དར་སྐབས་སོགས་ནས་དར་ཏེ། དེས་རྩོམ་རིག་སོགས་ཡར་རྒྱས་གོང་འཕེལ་འགྲོ་བ་ལ་སྐུལ་འདེད་མཆོག་ཏུ་གྱུར་པར་གྲགས། དེ་ནི་དོན་དུ་ང་ཚོ་ལ་སྔར་ནས་གྲགས་པའི་དག་ཐེར་ཟེར་བ་འདི་ཡིན་མོད། ང་ཚོས་སྤྱོད་ས་མ་འདྲ་བ་དང་། སྤྱོད་སྟངས་མ་འདྲ་བའི་དབང་གིས་འབྲས་བུ་མ་འདྲ་བ་བྱུང་བ་རེད།

དག་ཐེར་དངོས་གཞི་གོང་གི་ཨང་རིམ་དང་མཐུན་པར་འགོད་ན།
1) བྱ་ཚིག་རྗེས་མཐུན་པ། ཡིན་མིན། རེད་མ་རེད། འདུག་མི་འདུག་ཅེས་པ་སོགས་སྤྱོད་དུས་གང་ཟག་དང་པོ་གཉིས་པ་གསུམ་པ་སོ་སོར་ཅུང་ཟད་མི་འདྲ་བ་ཡོད། དཔེར་ན་ང་མི་ཡིན། ཟེར་བ་ལས། ང་མི་རེད། མི་ཟེར་བས། རེད་ཟེར་བ་འདི་གང་ཟག་དང་པོ་ལ་སྤྱིར་བཏང་མི་སྤྱོད་ཀྱང་། དམིགས་བསལ་སྐབས་འགར་སྤྱོད་པ་དཔེར་ན། ང་མི་རེད་གདའ། ལྟ་བུ་ལ་སོགས་པ་ཁྱད་པར་ཅུང་ཟད་ཡོད།
2) དེའི་སྐོར་ཐད་དེར་བཤད་པ་དེ་རང་ཡིན། དེའང་སྔར་གྲགས་ཟིན་པའི་བོད་མིང་རྣམས་ནི་འབྱུང་ཁུངས་གང་ཡིན་རུང་བསྒྱུར་མི་རུང་བར་རང་སོར་འཇོག་འོས། མ་ཟད། སྐད་རིགས་གཞན་གྱི་མིང་ཚིག་གི་དོད་བཟོ་སྐབས། སྔོག་འདོགས་སྒྱུར་གསུམ་གྱི་ཐབས་ལམ་སྤྱོད་དགོས་ཤིང་། དེའང་དང་པོར་ཡིག་རྙིང་ནང་སྔོག་རྒྱུ་དེ་གལ་ཆེ་ཤོས་ཡིན། དེ་ནས་གསར་དུ་འདོགས་པའམ། དེ་ནས་སྒྱུར་བ་གང་རུང་བྱ། གསར་དུ་བཟོ་རྒྱུའི་མིང་ཡང་ཚེག་ཁྱིམ་གང་ཉུང་དང་བརྗོད་གང་བདེ། གོ་རྒྱུ་གང་ཆེ་རེ་བྱ་ན་སྤུས་ཀ་ཆེ།
3) བྱ་ཚིག་གང་ནོར་བ་སོགས་ངོས་འཛིན་སྟབས་བདེ་ནའང་། མི་མཐུན་ས་ནི་མཁས་པ་སོ་སོས་བཞེད་ཚུལ་ལ་ཐུག་འོང་། དེས་ན་བོད་སྤྱི་ལ་ཁྱབ་བརྡལ་ཆེ་ཞིང་། སྒྲིག་མཁན་མཁས་པ་ཆོལ་གསུམ་ཆོས་བརྒྱུད་གང་མང་ནས་འཛོམས་པ། བསྒྲིགས་པའི་མིང་ཚིག་ལ་བརྡ་སྤྲོད་རིག་པའི་འགྲོས་ཀྱིས་བཅིངས་པ་སོགས་ཁྱད་ཆོས་དུ་མས་མངོན་པར་འཕགས་པ་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུ་གཞིར་བཟུང་ན། དགེ་མཚན་བླ་མེད་དུ་ཆེ་བར་མཐོང་།
4) བྱ་ཚིག་གང་ཞིག་གི་བྱེད་པ་པོ་ལ་བྱེད་སྒྲ་ཐོབ་མིན་དེ་དུས་གསུམ་གང་ཡིན་ལ་ལྟོས་ནས་ཐག་བཅད་པ་ནི། བརྡ་སྤྲོད་རིགས་པའི་འགྲོས་ཀྱིས་དཔྱད་ན། ཧ་ཅང་ནོར་པ་རེད། དེས་ན་འདིའི་གནད་འགག་དངོས་ནི། བྱེད་འབྲེལ་དང་བྱ་བྱེད་ཐ་དད་པ་གཉིས་ལ་མུ་བཞི། བྱེད་མེད་དང་བྱ་བྱེད་ཐ་མི་དད་པ་གཉིས་ལ་མུ་བཞི་རེ་ཡོད་པ་ཤེས་ན། བདེ་བླག་ཏུ་རྟོགས་ནུས་ཏེ། བྱ་བྱེད་ཐ་མི་དད་པ་ཡིན་ཕྱིན་ཆད། དུས་གསུམ་དང་གང་ཟག་གསུམ་པོ་གང་ཡིན་རུང་ཁྱད་པར་མེད་པར། བྱེད་སྒྲ་མི་ཐོབ་པ་དཔེར་ན། ང་འགྲོ། ང་སོང་།  ཁྱོད་འགྲོ། ཁྱོད་ཕྱིན། བཀྲ་ཤིས་འགྲོ། བཀྲ་ཤིས་ཕྱིན་ལྟ་བུ། ཐ་དད་པ་ལ་ཐོབ་པ་དཔེར་ན། ངས་བཤད། ངས་ཟ། ཁྱོད་ཀྱིས་བཤད། ཁྱོད་ཀྱིས་ཉན་རྒྱུ་རེད། བཀྲ་ཤིས་ཀྱིས་བཤད། བཀྲ་ཤིས་ཀྱིས་གསུང་རྒྱུ་རེད། བཀྲ་ཤིས་ཀྱིས་བྲིས་སོང་། ལྟ་བུ་རེད།
5) དགུ་རྩིས་ཀྱི་སྡོམ་ཚིག་ལྟ་བུ་ཞིག་གྷོ་པལ་པུར་སློབ་གྲྭའི་ནང་སློབ་བཞིན་འདུག་པ་དེ་ཧ་ཅང་སྙན་པོ་དང་སྟབས་བདེ་པོ་ཡག་པོར་མཐོང་། དཔེར་ན། གཉིས་གསུམ་གསུམ་གཉིས་དྲུག་ཡིན་ལ། །གཉིས་བཞི་བཞི་གཉིས་བརྒྱད་ཡིན་ནོ། །ཟེར་བ་སོགས་དེ་རིགས་ཁ་བསླབ་བྱེད་ན། ཕྲུ་གུ་ཆུང་ཆུང་ཚོའི་བློ་ལ་ལམ་སང་འཇགས་འགྲོ་ངེས་རེད།
6) བྱེད་སྒྲའི་སྐོར་བཤད་ཟིན་ལ། དགག་སྒྲའི་སྐུལ་ཚིག་ནི། གཙོ་ཆེར་ད་ལྟ་བའི་བྱ་ཚིག་གི་སྔོན་དུ་དགག་སྒྲ་མ་ཡིག་སྦྱར་དགོས་ཤིང་། སྐབས་འགར་མ་འོངས་པ་ལའང་སྦྱར་བ་ཡོད་མོད། འདས་ཚིག་དང་སྐུལ་ཚིག་གཉིས་ལ་མ་ཡིག་སྦྱར་ནས་དགག་སྒྲའི་སྐུལ་ཚིག་བྱེད་སྲོལ་མེད་པ་དེ་མཁྱེན་དགོས།
7) ཁྲུང་ཁྲུང་བུ་སྤུན་གསུམ་ཟེར་ན་འགྲིག་པ་ལས་དེ་ལ་འབྲེལ་སྒྲ་དགོས་དོན་མེད་ཅིང་། ཡོད་ན་མི་བདེ་བ་ཞིག་འདུག །རྒྱུ་མཚན་ནི། མི་གསུམ། མིའི་གསུམ། བུམ་པ་གསུམ། བུམ་པའི་གསུམ་ཟེར་བ་སོགས་ལ་གཟིགས་དང་མཁྱེན་ངེས་རེད། ཡང་། དོན་དག་གཅིག་གི་འདས་ཚིག་ལ་གཟུགས་མི་འདྲ་བ་གང་བྱུང་བྲིས་ན། ཕྲུ་གུ་ཚོ་མགོ་རྨོངས་ཤིང་། ཞེན་པ་ལོག་པ། ཡིད་བརྟན་མེད་པ་སོགས་འགྱུར་བ་ལས། དགེ་མཚན་ཅིང་མེད། ད་དུང་སྔར་སྲོལ་ལ་བསམས་ན་དེ་བས་མི་བདེ། ཡང་། ཁྲུང་ཁྲུང་གི་བུ་སྤུན་རྒན་པ་དེས་གནམ་ལ་མིག་བལྟས། ཞེས་བྲིས་འདུག་པ་དེའང་བདེ་པོ་ཞིག་མ་རེད། རྒྱུ་མཚན་ནི། དེས་གནམ་ལ་མིག་བལྟས། དེས་མིག་གིས་གནམ་ལ་བལྟས། ཟེར་བ་གཉིས་བསྡུར་ན་ཤེས། ད་དུང་། མིག་གིས་གཟུགས་ལ་བལྟས། མིག་ཤེས་ཀྱིས་གཟུགས་ལ་བལྟས། ཞེས་པ་ཡིག་སྐད་གཉིས་ཀའི་ནང་སྤྱོད་བཞིན་པ་དེས་ཀྱང་དཔང་པོ་བྱེད་ཐུབ།
མདོར་ན། ཕྲུ་གུ་ཚོ་ལ་དམིགས་པ་ཡིན་པར་ངས་ཀྱང་ཤེས་མོད། གནད་འགག་ནི། ཕྲུ་གུ་ཚོར་ནོར་པ་ཞིག་སློབ་ན་ཤེས་བདེ་བ་དང་། ཡང་དག་པ་ཞིག་སློབ་ན་ཤེས་མི་བདེ་བའི་ཁྱད་ཡོད་རྒྱུ་མ་རེད་སྙམ། གལ་ཏེ་ཡོད་ན། དང་པོ་ནོར་པ་བསླབས། དེ་ནས་ཡང་དག་པར་ཁྲིད་པའམ། ཡང་ན་མི་ཚེ་གང་ལ་ནོར་པ་རྒྱུན་འབྱམས་ལ་གཞག་དགོས་པ་གང་རུང་ལས་མ་འདས་སོ། །
འདི་ནི་སྤྱི་ལ་ཕན་རེ་དང་། མི་རེ་ལ་འགན་རེ་ཡོད་པ་ལྟར་རང་འགན་ཁུར་ནས་བྲིས་པའི་ཁུལ་ཡིན་པ་ལས། ལས་ཀྱི་སྣེ་ལ་གཏོགས་པ་ཚོ་དམའ་དབབ་འདོད་ནས་བྲིས་པ་མིན་པ་དེ་མཁྱེན་པར་མཛོད།
སེར་བྱེས་མཁར་སྒང་བསོད་ནམས་དབང་ལྡན་གྱིས་ 2016-7-31 ཉིན་དུས་ཚོད་དམིགས་བསལ་སྤྱད་ནས་བགྱིས་པའོ།། །།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||