མོ་དྷི་དང་རྒྱ་གར་བ་ཚོ་ཅིའི་ཕྱིར་ཁུ་སིམ་མེར་བསྡད་པ་རེད།

གནས་བབ་འདིའི་དབང་གིས། རྒྱ་གར་ལ་མཚོན་ན། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་རྙོག་གླེང་ནི། རྒྱ་གར་གྱི་དཀའ་ངལ་ནང་ནས་ཆེ་ཤོས་ཡིན་ལ། ད་ལྟ་ལས་མ་འོངས་པར་དཀའ་ངལ་ཆེ་རུ་འགྲོ་ངེས་ཡིན། སྤྱིར་བཏང་རྒྱ་གར་དང་རྒྱ་ནག་ལ་ས་མཚམས་ཤིག་མེད་མོད། འོན་ཀྱང་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་སྐབས་སུ་རྒྱ་གར་གྱི་དབུ་ཁྲིད་རྣམ་པས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ལས། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་མ་རེད་ཅེས་ཆེད་དུ་གཉེར་ནས་ཞལ་རྫུན་གསུངས་མྱོང་། མ་མཐའ་ཡང་སྐབས་དེར་སྐད་ཆ་དྲང་པོ་ཙམ་ཞིག་བཤད་པའི་བློ་ཁོག་མེད་སོང་བའི་རྒྱ་གར་གྱི་དབུ་ཁྲིད་རྣམས་ལ། གཅིག་བྱས་ན། ང་ཐེ་བའི་བོད་མི་ཡོད་ཚད་སེམས་ཕམ་ནས་ཡོད་ལ། དེའི་ནང་ལ་༧ གོང་ས་མཆོག་ཀྱང་ཐེ་ཡོད་སྲིད།

༢༠༡༧/༧/ ༢༥ ཉིན་རྒྱ་གར་གྱི་དབྱིན་ཡིག་གསར་ཤོག་རྙིང་ཤོས་གྲས་(The Statesman) ཞེས་པའི་དྲ་ཐོག་ཏུ་རྒྱ་གར་གྱི་གྲོས་ཚོགས་གོང་མའི་བྷེ་ཇེ་བྷེ་འཐུས་མི་སྐུ་ཞབས་ར་ཝེན་ཌེ་ར་ཀི་ཤོར་སིན་ཧཱ་(Ravindra Kishore Sinha) ཡིས། “ རྒྱ་གར་གྱིས་༧གོང་ས་མཆོག་དང་བོད་མི་རྣམས་ལ་སྐྱབས་བཅོལ་སྤྲད་ཡོད་པ་མ་ཟད། རྒྱ་གར་གྱིས་༧གོང་ས་མཆོག་ལ་བརྩི་མཐོང་ཆེན་པོ་སྤྲད་ཀྱི་ཡོད་རེད། ཉེ་བའི་ཆར་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཚབས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། ༧གོང་ས་མཆོག་དང་བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ཀྱི་འཆར་གཞི་ལ་སྐྱོན་བརྗོད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ་„ ཞེས་བྲིས་འདུག་པ་མ་ཟད། གནད་དོན་དེའི་ཐད་“ ༧གོང་ས་མཆོག་གིས་གང་ཡང་མ་གསུང་བ་དེ་ཧང་སངས་དགོས་པ་ཞིག་རེད་„ཅེས་བྲིས་འདུག
སྐུ་ཞབས་ར་ཝེན་ཌེ་ར་ཀི་ཤོར་སིན་ཧཱ་(Ravindra Kishore Sinha) ལགས་ལ་གུས་ཞབས་ཡོད། འོན་ཀྱང་༧ གོང་ས་མཆོག་ཁུ་སིམ་མེར་མི་བཞུགས་ནས་ག་རེ་གསུངས་དགོས་རེད། བོད་པ་རྣམས་ཁུ་སིམ་མིར་མི་བསྡད་པ་ག་རེ་ལབ་དགོས་རེད། སྙན་གྲགས་ཆེ་བའི་རྒྱ་གར་གྱི་དབུ་ཁྲིད་དམ་པ་ནེ་རུ་མཆོག་གིས་གང་གསུངས་ཡོད་པ་ཁྱེད་ཀྱིས་གཟིགས་ཨེ་མྱོང་། ལོ་ངོ་ལྔ་བཅུའི་རིང་དུ་རྒྱ་གར་གྱི་དབུ་ཁྲིད་རྣམས་པ་ཁུ་སིམ་མེར་བསྡད་པ་ཁྱེད་ཀྱིས་མཐོང་ཨེ་སོང་།
ལྔ་བཅུ་ང་གྲངས་ནས་བདུན་ཅུ་དོན་གྲངས་བར་དུ་༧ གོང་ས་མཆོག་གི་ཐུགས་དགོངས་ལ། སྔར་ནས་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་བཞིན། མ་འོངས་པར་ཡང་དེ་བཞིན་ཡོང་རེ་གནང་ཡོད། ངས་ཞེ་ས་མ་ཞུས་ནས་ཐད་ཀར་ལབ་ན། ༧ གོང་ས་མཆོག་སེམས་ཤུགས་རྦད་དེ་གཅོག་མཁན་རྒྱ་གར་གྱི་དབུ་ཁྲིད་འགའ་རེ་ཡིན་ལ། དང་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ཤུགས་ཆེན་པོ་གླེང་མཁན་ཡང་རྒྱ་གར་གྱི་དབུ་ཁྲིད་འགའ་རེ་རེད།

ངས་བསམ་ན། ཁུ་སིམ་མེར་མི་སྡོད་པར་ཁ་གསང་ནས་སྐད་ཆ་དྲང་པོ་གསུངས་དགོས་མཁན་དེ་༧ གོང་ས་མཆོག་གཙོས་པའི་བོད་མི་རྣམས་མིན་པར་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་རེད། ཆབ་སྲིད་ཀྱི་དགོས་མཁོ་ཕྲན་ཚེགས་དང་། གནས་སྐབས་ཀྱི་ཁེ་ཕན་ཉི་ཚེ་བར་མི་རེ་བའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་ལ་ཡམ་སིང་ཡ་ཌཱེ (Mulayam Singh Yadav) ཡིས། “ རྒྱ་ནག་གིས་པ་ཀི་སི་ཐན་དང་མཉམ་སྦྲེལ་གྱིས་རྒྱ་གར་ལ་དྲག་རྒོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། དེང་གི་ཆར་རྒྱ་གར་ལ་རྒྱ་ནག་ནས་ཉེན་ཁ་ཆེན་པོ་ཞིག་འཕྲད་ཀྱི་ཡོད།
སྔར་རྒྱ་གར་གྱིས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ངོས་འཛིན་གྱི་སྲིད་ཇུས་བཟུང་ཡོད་པ་དེ་ནོར་འཁྲུལ་ཡིན་ལ། གནའ་སྔ་མོ་ནས་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཡིན་པས། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་དུས་སུ་སླེབས་ཡོད་„ ཅེས་གསུངས་པ་བཞིན་རྒྱ་གར་གཞུང་དམངས་གཉིས་ཀས་བསམ་བློ་གཏོང་དགོས་པའི་དུས་ལ་སླེབས་འདུག མོ་དྷི་དང་རྒྱ་གར་བ་ཚོ་ཅིའི་ཕྱིར་ཁུ་སིམ་མེར་བསྡད་པ་རེད།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུཤ་མ་སྭ་རཇ་ཡིས་ “བོད་ནང་གི་བོད་པ་ཚོས་དཀའ་སྡུག་མྱོང་བཞིན་པའི་གནད་དོན་ལ་རྒྱ་གར་གྱིས་ཅི་ཡང་མ་བཤད་པར་ལྟད་མོར་བལྟས་མ་བསྡད་པར་བོད་དོན་ཀྱི་ཆེད་དུ་རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱུན་དུ་གླེང་སློང་གནང་གི་ཡོད་„ཅེས་གསུངས་འདུག །གཅིག་བྱས་ན་བདེན་སྲིད་པ་རེད། རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་བྱས་ན། དེ་ནི་རྒྱ་གར་གྱིས་རྒྱ་གར་ལ་རྒྱབ་སྐྱོར་བྱས་པ་དང་ཆ་རེད་ལ། རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་ན། དེ་ནི་རྒྱ་གར་གྱིས་རྒྱ་གར་གྱི་བདེ་འཇགས་ལ་སེམས་ཁུར་གནང་བ་དང་། རྒྱ་གར་གྱི་དཔལ་འབྱོར་ལ་དོ་ཁུར་གནང་བ། རྒྱ་གར་གྱི་ཕུགས་འདུན་ལ་ཡིད་གཟབ་གནང་བ་རེད།
༢༠༡༧/༧/༢༩ སྙིང་མིག

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||