ཞི་ཅི་ཕིང་ལ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་མེད་ཟེར།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོག་ལ་ཉེ་བ་དང་སྟབས་བསྟུན་བཙན་བྱོལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཞི་ཅི་ཕིང་གི་སྲིད་གཞུང་གི་ཐོག་ནས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གསར་པ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད་པ་དང་། བོད་མི་ཚོས་བོད་དོན་ལས་འགུལ་ཐོག་ཤུགས་སྣོན་བྱེད་དགོས་སྐོར་བསྒྲགས་སོང་།
ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་དྷ་ས་མེག་གྷན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་མཉམ་འབྲེལ་ཐོག སང་ཉིན་ཕྱི་ཚེས་༡༨ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༡༩ པ་བསྐོངས་འཚོགས་བྱེད་ཀྱི་ཡོད་པ་དང་སྟབས་བསྟུན་ཏེ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཞི་ཅི་ཕིང་གིས་སྲིད་བསྐྱངས་པའི་འདས་པའི་མི་ལོ་ལྔའི་རིང་སྤྱིར་རྒྱ་ནག་དང་། དགོས་སུ་བོད་ལ་དམ་དྲག་དང་བཙན་གནོན་ཤུགས་ཆེ་རུ་སོང་ཚུལ་དང་། འབྱུང་འགྱུར་ལོ་༥ ཡི་རིང་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཡོང་རེ་མེད་སྐོར། དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་དང་བོད་མི་ཚང་མས་འབྱུང་འགྱུར་ལོ་ལྔའི་ནང་བོད་དོན་ལས་འགུལ་ཤུགས་ཆེ་རུ་སྤེལ་དགོས་སྐོར་གྱི་ཐོག་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཐོག་མར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ལམ་བཟང་གིས་ཚོགས་པ་ཁག་ལྔ་དེ་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སུ་བོད་དང་བོད་མིའི་བདེ་སྔུག་གི་ཆེད་དུ་ལས་འགུལ་གཞི་རྒྱ་ཆེ་ཤོས་སྤེལ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། བོད་གཞིས་བྱེས་གཉིས་ཀྱིས་རེ་བ་དང་ཡིད་ཆེས་བཅོལ་ཡུལ་ཡིན་པ། ཚོགས་ཆེན་འཚོག་ལ་ཉེ་བ་དང་བསྒྲགས་གཏམ་འདི་འདྲ་ཞིག་སྤེལ་ནས་སྐད་ཆ་བཤད་དགོས་རྒྱུ་དེ་ནི་ཚོགས་པ་ཁག་ལྔའི་གཡོལ་ཐབས་མེད་པའི་ལས་འགན་ཡིན་སྐོར་སོགས་དང་འབྲེལ་བའི་ཐོག་ནས་བསྒྲགས་གཏམ་གྱི་དགོས་པ་རྒྱུ་མཚན་བཤད་རྗེས། གསར་འགོད་གསལ་བསྒྲགས་དེ་སྐད་ཡིག་བཞིའི་ནང་སྒྲོགས་སྦྱང་བྱས་ཡོད་པ་ལས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུས་བོད་ཡིག་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱི་དབྱིན་ཡིག དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་ཆོས་འཛོམས་ཀྱིས་རྒྱ་གར་སྐད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་རྒྱལ་ཐང་སྤྲུལ་སྐུ་ངག་དབང་དགའ་བདེས་རྒྱ་ཡིག་ཐོག་སྒྲོགས་སྦྱང་བྱས་སོང་།

བསྒྲགས་གཏམ་ནང་“འདས་པའི་མི་ལོ་ལྔ་ཡི་རིང་ཞི་ཅིང་ཕིང་གིས་སྲིད་སྐྱོང་དུས་ཡུན་དེའི་རིང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བར་མ་ཟད། ད་དུང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པའི་སྔ་ནུབ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོ་པས་སྲིད་སྐྱོང་བའི་ལོ་ངོ་ལྔ་ཡི་ནང་། རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་རྒྱུའི་ཚོད་དཔག་བྱེད་མཁན་སྣ་ཚོགས་བྱུང་ཡོད་ལ། དེ་བཞིན་བཙན་འོག་ཏུ་ཡོད་པའི་བོད་དང་ས་ཁུལ་གཞན་ཁག་གི་ཐོག་འཛིན་པའི་སྲིད་ཇུས་ལའང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་རྒྱུའི་རེ་བ་བྱས་ཡོད་ཀྱང་། ད་ཆ་འདས་པའི་ལོ་ངོ་ལྔ་ཡི་དོན་དངོས་ཀྱི་གནས་ཚུལ་ལ་ཕྱིར་མིག་ཅིག་བལྟས་ན། ཚོད་དཔག་དང་རེ་སྒུག་དེ་དག་ཚང་མ་འཇའ་ལྟར་ཡལ་བ་མ་ཟད། བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་སྐད་ཡིག་དང་ཤེས་ཡོན་སློབ་གསོ། དྲ་རྒྱའི་རིག་གནས་སོགས་ཕྱོགས་ཡོངས་ཀྱི་ཐད་དེ་བས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ཁོ་ན་ལས་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་བའི་ཟུར་ཙམ་ཡང་མཐོང་རྒྱུ་མེད་”ཅེས་འཁོད་འདུག “ཞི་ཅི་ཕིང་གི་ལོ་ངོ་ལྔ་ཡི་རིང་གི་ལས་ཀའི་ཐོག་དོ་སྣང་ཆེ་ཤོས་བྱེད་ས་ནི། རྒྱ་ནག་རྒྱལ་ཡོངས་སུ་རུལ་སུངས་ལ་ངོ་རྒོལ་དང་རྡུང་བརྡེག་གི་ཐོག་ནས་དམར་ཤོག་ཚོགས་པའི་དབང་ཆ་བརྟན་སྲུང་ཆེད་དམར་ཤོག་ནང་ཁུལ་གྱི་ཁ་གཏད་ཤོག་ཁག་གི་དཔོན་རིགས་མང་པོ་ཞིག་རྩ་མེད་བཟོས་ཡོད་ཀྱང་། བོད་ལ་ཆ་མཚོན་ན་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ལས་ལྷག་པ་ཞིག་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་། སྤྱི་ཚོགས་དམ་དྲག་བྱ་རྒྱུའི་ཐོག་གཞི་བཅོལ་ཡོད་”ཅེས་དང་། “ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གི་དབང་འཛིན་པ་མི་རབས་དྲུག་པ་དེས་སྔར་བཞིན་དམ་དྲག་དང་བཙན་གནོན་རང་བཞིན་གྱི་སྲིད་ཇུས་དང་རྒྱ་སྐྱེད་རིང་ལུགས་ཁོ་ནའི་ཐོག་ཤར་བསྐྱོད་བྱ་རྒྱུ་ལས། བཟང་ཕྱོགས་ཀྱི་འགྱུར་བ་གསར་པ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད་སྟབས། ངེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས་ཞི་ཡིས་སྲིད་སྐྱོང་བའི་ལོ་ལྔ་ཡི་རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། རང་དབང་ལ་ཚད་ལས་འདས་པའི་དམ་དྲག་བྱས་པར་ངོ་རྒོལ་བྱ་རྒྱུ་མ་ཟད། བོད་ཀྱི་གནད་དོན་ཇི་སྲིད་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་ང་ཚོས་ངོ་རྒོལ་མཐར་ཕྱིན་པར་བྱ་རྒྱུ་ཡིན།”ཞེས་དེ་བཞིན་རྒྱ་ནག་གིས་ས་ཁོངས་རྒྱ་བསྐྱེད་སོགས་ཀྱི་སྐོར་ལ་ཡང་བརྗོད་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||