འཁྲུངས་སྐར་བརྩི་སྲུང་དང་། སྐད་ཡིག་གཏོར་བཤིགས།

ཁ་སང་འཁྲུངས་སྐར་དུས་ཆེན་དེ་ང་རང་སྒེར་པ་ཞིག་ལ་མཚོན་ན། མི་ཚེའི་ནང་གི་སྐལ་པ་བཟང་ཤོས་དང་། སྐྱིད་ཤོས་ཀྱི་ཉིན་མོ་ཞིག་ཏུ་རྩི་ཆོག་པ་ཞིག་ཡིན། ཆར་ཞོད་ཆེ་ལ་མི་ཚོགས་མང་བའི་འདུ་ར་འདིར་ང་དང་ང་འདྲ་གྲྭ་རྐྱང་རྣམས་གཟན་ཤམ་ཡོངས་རྫོགས་བརླན་པར་བྱས་ཀྱང་། ཆར་ཞོད་ཀྱིས་ཆག་སྒྲ་དང་ལྷན་དུ་གཏམ་བཟང་ཞིག་ཐོས་པ་ནི། ༧གོང་ས་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུ་ཡིན་པའི་གཏམ་བཟང་འདི་རེད།
མཚམས་འདིར་དགེ་ལུགས་པ་དང་འདོད་རྒུ་གླིང་གི་བརྟན་བཞུགས་གོ་སྒྲིག་པས་སྐུ་འགྱེད་སླེབ་སོང་ལ། སྒོར་དྲུག་བརྒྱ་དེ་ཡང་རློན་པ་ཆགས་འདུག དེ་སྔ་ཡིན་ན་འདུ་འཛོམས་འདི་འདྲ་ལ་རྒས་འཁོགས་འགའ་རེ་ལས་བོད་ཆས་གྱོན་མཁན་ནི་ཉིན་སྐར་ཙམ་ཡིན་ཡང་། དེང་སང་དང་འདིར་ནས་ང་ལ་དགའ་ཚོར་ཅིག་ནི་གསར་སྐྱེས་བོད་ཕྲུག་ཚོས་བོད་ཆས་གྱོན་མཁན་མང་བ་དང་། གྱོན་སྟངས་ཡག་པ། བཟོ་ལྟ་ཡག་པ་དེ་རེད།
འཁྲུངས་སྐར་འདི་ནི་འབྲས་སྤུངས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་འདུ་ཁང་དུ་བརྟན་བཞུགས་དང་། དེ་ནས་འཁྲུངས་སྐར་དངོས་སུ་འགོ་བཙུགས་གནང་སོང་། སྐུ་མགྲོན་དུ་གནས་ཡུལ་རྒྱ་གར་གྱི་འགོ་ཁྲིད་འགའ་དང་། ཁ་ཆེ་དང་ཧིན་དྷུའི་ཆོས་དཔོན་འགའ་རེ་ཡང་ཕེབས་འདུག དེ་ནས་མཛད་རིམ་བཞིན་བཀའ་སློབ་དང་གསུང་བཤད་འགའ་གྲུབ་མཚམས་དེར། མཛད་རིམ་ནང་༼ མར་ལས་བསྒྲུབས་པའི་འཁུར་ར༽ ཟེར་བ་དེ་༧གོང་ས་མཆོག་གི་མདུན་དུ་བཞག་སོང་། ཅུང་ཙམ་རྗེས་༧གོང་ས་མཆོག་ཡར་བཞེངས་སྐབས་སྐུ་མགྲོན་ཚོ་ཡང་ཡར་ལངས་ནས་མིག་ཟུང་༧གོང་ས་མཆོག་ལ་ཅེར། མི་མང་རྣམས་ཀྱིས་ཅི་ཞིག་ལ་རེ་སྒུག་བཞིན་ཁུ་སིམ་མེར་ངང་ཆར་ཞོད་ཀྱི་སྒྲ་ཙམ་ལས་ཅི་ཡང་མེད་པ་གྱུར། ང་ཡང་རང་ཉིད་བརྗེད་པ་བཞིན་ཅི་ཞིག་དྲན་མིན་ཡང་མ་ཚོར། གང་ལྟར་མིག་རྣ་ཟུང་དེ་ཡང་༧གོང་ས་མཆོག་གཏད་དེ་སྒྲིམ་འདུག
སྐབས་དེ་འདྲ་ཞིག་ལ་མི་མང་ནས་དགའ་བའི་ཐལ་སྒྲ་སྒྲོག་ཅིང་། འདུ་ར་ཡོངས་སུ་སྐར་ཆ་འགའ་ཡི་རིང་མཚམས་མ་ཆད། སྐབས་དེ་འདྲ་ཞིག་ལ་རྒྱང་གྲགས་ནས Happy birthday to you ཟེར་ནས་འབོད་བྱུང་བས། ངའི་སེམས་པ་དགའ་ལྷང་ལྷང་དེ་གྲང་ཤུར་ཤུར་བྱས་བྱུང་། འཁྲུངས་སྐར་འདི་འདྲ་ཞིག་ནི་བོད་ཀྱི་གནས་རིམ་མཐོ་ཤོས་ཤིག་དང་། གྲ་རྒྱས་ཤོས། མི་ཚོགས་འཛོམས་ཤོས། ས་གནས་གལ་ཆེ་ཤོས། སྐུ་མགྲོན་རྫིག་ཤོས་བཅས་འཛོམས་པའི་ཐོག་ངས་ཐོས་འདོད་པ་ནི། བོད་སྐད་ཐོག་ནས་”ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་”ཟེར་བ་དེ་ཡིན་པ་ལས། དབྱིན་སྐད་ནས་ Happy birthday to you ཟེར་བ་འདི་མིན། སྐབས་དེར་ངའི་རོགས་ལ་གཉིས་ཡང་ང་དང་འདྲ་བར་ངོ་གདོང་ཡང་འགྱུར་ནས་”ཨ་ཙི”ཟེར་སོང་། ད་ལྟ་རང་”སྲིད་སྐྱོང་དང་སྤྱི་འཐུས་”རྣམ་པ་གཉིས་ནས་”བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གལ་ཆེ་”ཚུལ་གྱི་གསུང་བཤད་གནང་ནས་སྐར་མ་འགའ་ལས་མ་སོང་ཡང་ལག་ལེན་འདི་རང་འགོར་ནས་བཤིག་སོང་སྙམ་པར་ཚོར་བྱུང་།
སྐད་ཆ་འདི་དག་ངས་སེམས་ནང་ཉར་ནས་བསྡད་པ་ལས་བཤད་འདོད་མེད་ཀྱང་། དེ་རིང་ཞོགས་པར་དྲ་ལམ་དུ་དྷ་རམ་ས་ལར་སྐུའི་འཁྲུངས་སྐར་ཟེར་བའི་པར་རིས་འགའ་འབྱོར་འདུག་པས། དགའ་ཚོར་ཆེན་པོས་བལྟས་པ་ཡིན། རེད་དེ། བློ་ཕམ་པ་ཞིག་ལ་”བོད་ཡིག་ཚིག་གཅིག་ཀྱང་མེད་པའི་འཁྲུངས་སྐར་བག་ལེབ་”ཆེན་པོ་ཞིག་མིག་ལམ་དུ་རིག་བྱུང་བས། གནས་སྟངས་འདི་དག་ཡིག་ཐོག་ཏུ་མ་འབྲི་ཀ་མེད་བྱུང་།
བོད་ནང་ལ་མཚོན་ན་དམར་དམག་གི་མེ་མདའི་འོག་ནས་རང་སྲོག་ལ་མ་འཛེམས་པར་”འཁྲུངས་སྐར་སྲུང་བརྩི”་དང་། “བོད་སྐད་བོད་ཡིག་སྲུང་སྐྱོབ་”བྱས་དང་བྱེད་བཞིན་ཡོད་ཀྱང་། རང་དབང་ལུང་པའི་མི་མང་འགོ་ནས་གཞུག་བར་”བཤད་མཁས་ཀྱང་ལག་ལེན་”མེད་པའི་གནས་སྟངས་འདི་ཡིད་སྐྱོ་བ་ཞིག་མ་རེད་དམ།
ད་རུང་འགའ་རེས་འདི་ལོ་མཛངས་མས་བོད་སྐད་ར་མ་ལུག་བཤད་པ་དང་འབྲེལ་བའི་ཡིག་ཚོགས་མང་པོ་ཞིག་འདུག་ཀྱང་། དེ་ཚོ་ནི་འདི་དག་ལ་ལྟོས་ནས་ཁག་མེད་པའི་གནས་སྟངས་ཤིག་ཡིན་པ་ལས། བསམ་བཞིན་ར་མ་ལུག་སྐད་བརྒྱབ་པ་ཞིག་མ་ཚོར། “མེ་འཚིག་མེར་གཏུག་”གིས་བཤད་འདོད་པ་དག་གིས་ཆུ་གང་ནས་རྙོག་ན་དེར་གཏུགས་དགོས་པ་ལས། བོད་ཀྱི་མཛངས་མ་ཟེར་བའི་མི་དཀྱུས་པ་ཞིག་ལ་ཁ་རྡུང་བཏང་པ་ནི། “འཚིག་པ་གཡག་ལ་ཟ་ནས་འབྲེང་ལྕག་རྟ་ལ་གཞུས་”པ་ལྟ་བུ་ལས་མ་འདས་སོ།།
ཕྱི་ལོ ༢༠༡༦-༧-༧ ཉིན་ལི་སྲསཿཨ་སྤེན་གྱིས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||