འདྲ་མཉམ་མེད་ཐག་ཆོད་དེ་བཙུན་མ་ཚོའི་གནས་སྟངས་ཐོག་མི་འདུག་གསུངས་སོང་།

༢༠༡༧།༢།༢༢ གཟའ་ལྷག་པ།

ཕོ་མོ་འདྲ་མཉམ་ནི་ “ཕོ་ལ་འཁོན་འཛིན་དང་འཁང་ར་བྱས་པ་གཅིག་པུས་མི་ཕན། ཡུལ་དུས་ལ་རན་པའི་ལེགས་བཅོས་འགྱུར་བ་ག་འདྲ་གཏོང་དགོས་གཟིགས་དགོས་ལ། དེ་ཡང་རན་ཚོད་ཐུབ་ཚོད་འཇོན་ཚོད་བཞིན་བྱེད་དགོས། དེ་མིན་གཏམ་དཔེར་ཟ་ཆེ་ན་སྦྲང་དཀར་གྱིས་མཆིན་ཁ་ན། བཤད་ཆེ་ན་ཕ་གཏམ་བུ་ལ་གནོད་ཅེས་ལབ་རེད། ཕན་ཐོགས་རྒྱུའི་ཚབ་ལ་འཁོན་འཛིན་དུ་མི་འགྱུར་བའི་ངེས་པ་མེད་”ཅེས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་གསུངས་སོང་།

16839553_1254702684608182_1979074308_nདེ་ཡང་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་བཞིན་ཡོད་པས། ཟླ་འདིའི་ཚེས་༢༢ ཉིན་མཁས་དབང་བཀྲ་ཤིས་ཚེ་རིང་དང་། བཀའ་ཟུར་རིན་མཁའ་འགྲོ་གཉིས་ཀྱིས་ཚོགས་ཞུགས་པར་གཏམ་བཤད་གནང་ཡོད་པ་རེད།

བཀའ་ཟུར་རིན་ཆེན་མཁའ་འགྲོས་སྔོན་མ་བོད་ནང་ནས་ཕོ་མོ་འདྲ་མཉམ་གྱི་གནས་བབས་གཞན་དང་བསྡུར་ན་ཧ་ཅང་སྐྱོ་བོ་མིན་ནའང་། དམིགས་བསལ་བཙུན་མ་ཚོར་སློབ་སྦྱོང་གི་གོ་སྐབས་དེ་ཙམ་བྱུང་མེད་སྐོར་དང་། གནས་འགྲོ་བུད་མེད་སྐོར་གསུང་དོན། “བོད་ནང་དུ་འཆང་ས་རྒྱག་སྐབས་བུད་མེད་ལ་མཉམ་དུ་ཅིག་སྤྲད་དགོས་པ་མ་རེད། (མཆན། འདི་ནི་བུད་མེད་ལ་ནང་གི་སྐལ་ཐོབ་ཀྱི་དོན་མིན་པར། རྒྱ་གར་གྱིས་བུད་མེད་མནའ་མར་སྤྲོད་སྐབས་རྒྱུ་འབོར་ཆེན་པོ་མཉམ་དུ་སྤྲོད་དགོས་པའི་དོན་ཡིན།) ངས་གོ་བ་ལྟར་ན་ང་ཚོའི་ལུགས་སྲོལ་ནང་མོ་རིན་(ནུ་རིན་)ཞེས་བུད་མེད་གནས་ལ་འགྲོ་ས་དེས་བུད་མེད་དེའི་ནང་ལ་ཁྱེད་ཚོའི་བུད་མེད་ང་ཚོའི་ནང་གནས་ལ་ཡོང་བ་དེར་ཐུགས་རྗེ་ཆེ་ཞེས་ཅིག་སྤྲོད་དགོས་ཟེར་བ་ཞིག་གོ་མྱོང་། དེ་བདེན་པ་ཡིན་ན་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག བུ་མོ་དེ་སྐྱེས་ནས་བསམ་བློ་གཏོང་མ་ཐུབ་པར་དང་། ལས་ཀ་བྱེད་མ་ཐུབ་བར་ཕ་མས་གསོ་ཡི་ཡོད་རེད་ལ། ཏག་ཏག་གྲ་སྒྲིག་ཆ་ཚང་ཚར་དུས་ཕར་འགྲོ་ཡི་རེད། དེ་ཡིན་དུས་ཕར་སྤྲད་གང་ལ་དགོས། ཚུར་སྤྲད་དགོས་པ་འདྲ་འདུག་ཨ། ང་ཚོའི་རིག་གཞུང་ནང་དེ་འདྲ་དགོངས་པ་བཞེས་འདུག་ཨ་བསམ་མྱོང་། བུ་མོ་ཚོས་དེ་དྲན་པ་གནང་། དེ་འདྲ་ལུགས་སྲོལ་བཟང་པོ་ཡོད་པའི་རིག་གཞུང་ཞིག་རེད་འདུག ནང་ལ་བུ་མེད་མཁན་ཁྱིམ་ཚང་ཡིན་ན་ཚུར་དམག་པ་བླངས་ནས་བུ་དེས་མི་ཚང་དེའི་མིང་ཁྱེར་ནས་འགྲོ་ཡི་འདུག དེ་ཚོ་ཡག་པོ་འདུག་”ཅེས་དང་། ཁོང་གི་ལས་ཀའི་བརྒྱུད་རིམ་ཁྲོད་བཙན་བྱོལ་ནང་ལ་མཚོན་ན་བོད་པའི་བུད་མེད་ལ་ལས་ཀ་བསྐོས་ན་བྱེད་ཐུབ་མཁན་དང་དཀའ་ལས་རྒྱག་ཐུབ་མཁན་ཞིག་ཡིན་པའི་སྤོབས་པ་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་སྔོན་མ་བོད་ནང་བུད་མེད་ལ་སློབ་སྦྱོང་སྤྲོད་སྲོལ་མེད་ནའང་། ༡༩༥༩ ཕྱི་ཟླ་༣ ཚེས་༡༢ ཉིན་ལྷ་སར་བུད་མེད་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་སོ་སོས་སྐྱོང་དགོས་པ་ཧ་གོ་ནས་ཡར་ལངས་བྱས་ཏེ། རྒྱ་རིགས་རྒྱ་ཡུལ་ལ་ལོག་རྒྱུགས། འདི་ང་ཚོའི་ས་ཆ་ཡིན་པ་དེ་བུད་མེད་ཚོའི་ཁ་ནས་ཐོན་པ་ཡིན་སྐོར་གསུངས་སོང་ལ། ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་བུད་མེད་ཚོས་འགན་ཁུར་དགོས་པ་དང་། ཆོས་ལ་དོ་སྣང་དང་ཡ་རབས་བཟང་སྤྱོད་དགོས་སྐོར་གསུངས་སོང་། ཁོང་གིས་ “འདྲ་མཉམ་མེད་ཐག་ཆོད་དེ་བཙུན་མ་ཚོའི་གནས་སྟངས་ཐོག་མི་འདུག་” ཅེས་སྔོན་མ་བོད་ནང་བཙུན་དགོན་མང་པོ་ཡོད་ནའང་སློབ་སྦྱོང་བྱེད་རྒྱུ་མེད་པ་དང་། བཙུན་མ་མང་པོ་རྒྱ་གར་ལ་སྐྱབས་བཅོལ་དུ་སླེབས་དུས་ཀྱང་སློབ་གཉེར་བྱེད་ས་གྲྭ་པ་བཞིན་མེད་སྐོར་གསུངས་སོང་། ༧གོང་ས་མཆོག་གི་ལམ་སྟོན་ལྟར་ད་ལྟ་བཙན་བྱོལ་ནང་དགེ་བཤེས་མ་སློབ་ཐོན་བྱུང་ཡོད་སྐོར་དང་། བུད་མེད་ཚོགས་པའི་ལས་དོན་གྱི་བརྒྱུད་རིམ་དང་། བཙུན་མའི་ལས་འཆར་སྐོར་གསུངས་སོང་ལ། གཙོ་བོ་སོ་སོས་ལས་ཀ་བྱས་ནས་བཀག་མཁན་ཞིག་ཡོད་ན་ཐོབ་ཐང་རྩོད་དགོས་སྐོར་སོགས་གསུངས་སོང་།

མཁས་དབང་བཀྲ་ཤིས་ཚེ་རིང་གིས་བོད་ཀྱི་ལོ་རྒྱུས་ཐོག་ནས་ཕོ་མོ་འདྲ་མཉམ་གྱི་གནས་བབས་སྐོར་གྱི་དཔྱད་རྩོམ་ཞིག་སྒྲོགས་སྦྱང་བྱས་པའི་ནང་། བོད་བཙན་པོའི་སྐབས་ཕོ་མོ་འདྲ་མཉམ་ཡོད་པ་ལོ་རྒྱུས་ཐོག་ནས་ལུང་འདྲེན་དང་། རིམ་པས་བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་སྐྱོ་རུ་སོང་ཡོད་པའི་སྐོར། བོད་པའི་སྤྱི་ཚོགས་ནང་བླ་མ་རེ་ཟུང་དང་སྐྱེས་པ་རེ་ཟུང་གིས་བུད་མེད་ལ་མཐོང་ཆུང་གི་ཚིག་མང་པོ་བེད་སྤྱོད་བྱས་ཡོད་པའི་སྐོར་ངོ་སྤྲོད་དང་། བུད་མེད་ཀྱི་ཐོབ་གླེང་བ་ཡང་ནུབ་ཕྱོགས་ནས་མ་གླེང་སྔོན་ནས་༡༤༥༥ ལོར་འཁྲུངས་པའི་འབྲུག་པ་ཀུན་ལེགས་ཀྱིས་རྩོམ་ཞིག་ལུང་འདྲེན་གནང་སྟེ། བོད་པའི་སྤྱི་ཚོགས་ཤེས་དགོས་སྐོར་གསུངས་སོང་།

དེ་བཞིན་མཁས་དབང་བཀྲ་ཤིས་ཚེ་རིང་གིས། ༡༩༥༩ ལོའི་སྔོན་བོད་ཀྱི་རྩ་ཁྲིམས་ནང་བུད་མེད་ཀྱི་ཐོབ་ཐང་སྐྱོ་བོ་ཡིན་སྐོར་དང་། རྗེས་སུ་བཙན་བྱོལ་ནང་༧གོང་ས་མཆོག་གི་སྣེ་ཁྲིད་ལམ་སྟོན་འོག བཙན་བྱོལ་ནང་གི་ཕོ་མོ་འདྲ་མཉམ་གྱི་གནས་བབས་མྱུར་ཚད་ཧ་ཅང་མགྱོགས་པོ་སོང་ཡོད་སྐོར་དང་འབྲེལ་ནས་ཁོང་གིས་གསུང་དོན། “དབུས་བོད་མིའི་སྒྲིག་འཛུགས་ནས་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ལས་གཞི་སྤེལ་བཞིན་པ། བོད་པའི་སྤྱི་ཚོགས་ནང་དེ་སྔོན་དང་ད་ལྟ་སྲོལ་ངན་ཁ་ཤས་འདོར་དགོས་ཀྱི་ཡོད། ཡར་རྒྱས་ཚགས་ཚུད་རྒྱལ་ཁྲིམས་དང་ལྡན་པ་ག་འདྲ་དགོས་པར་གཟིགས་རོགས། ཕོ་ལ་འཁོན་འཛིན་དང་འཁང་ར་བྱས་པ་གཅིག་པུས་མི་ཕན། ཡུལ་དུས་ལ་རན་པའི་ལེགས་བཅོས་འགྱུར་བ་ག་འདྲ་གཏོང་དགོས་གཟིགས་དགོས་ལ། དེ་ཡང་རན་ཚོད་ཐུབ་ཚོད་འཇོན་ཚོད་བཞིན་བྱེད་དགོས། དེ་མིན་གཏམ་དཔེར་ཟ་ཆེ་ན་སྦྲང་དཀར་གྱིས་མཆིན་ཁ་ན། བཤད་ཆེ་ན་ཕ་གཏམ་བུ་ལ་གནོད་ཅེས་ལབ་རེད། ཕན་ཐོགས་རྒྱུའི་ཚབ་ལ་འཁོན་འཛིན་དུ་མི་འགྱུར་བའི་ངེས་པ་མེད། ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་དངོས་ཡོད་གནས་ཚུལ་གཞུང་ཞབས་གཙོས་བཟོ་སློབ་གཞིས་གསུམ་ནང་གོ་གནས་ལ་དཔག་པའི་གླ་ཕོགས་ཕོ་མོ་དབྱེ་འབྱེད་མེད་པར་གཅིག་མཚུངས་ཐོབ་ཀྱི་ཡོད། ཨ་རི་ལྟ་བུར་ད་ལྟའང་གོ་གནས་ལེན་པ་གཅིག་པར་ཕོ་མོར་གླ་ཕོགས་ཆེ་ཆུང་ཁྱད་པར་ཡོད་མུས་ཡིན་”ཞེས་དང་། མ་འོངས་པར་བོད་མི་མང་སྤྱི་འཐུས་ཀྱི་ནང་དུའང་བུད་མེད་ཟུར་བཅད་ཀྱི་ས་མིག་མི་དགོས་པར་ཆོལ་གསུམ་ཆོས་བརྒྱུད་ནང་སྤྱི་འཐུས་གཅིག་མཚུངས་ཀྱི་འགྲན་སྡུར་ནང་ཞུགས་ཚེ་ཕོ་མོ་འདྲ་མཉམ་གྱི་གནས་ཚད་མཐོ་རུ་འགྲོ་བ་དང་། བུད་མེད་ཀྱི་མཚན་མཐོང་ཡང་རང་ཤུགས་ཀྱིས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་གསུངས་སོང་ལ། མ་འོངས་པར་མི་རིགས་འཕེལ་རྒྱས་ཀྱི་ཐོག་ལ་ནུས་ཤུགས་འདོན་དགོས་པ་དང་། བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས་མི་རིགས་འཕེལ་རྒྱས་དགོས་པ་ཁ་ནས་བཤད་པ་ཙམ་མ་ཡིན་པར་ཕྲུ་གུ་གསོ་སྐྱོང་དང་སློབ་སྦྱོང་སྤྲོད་ཆེད་དུ་འཆར་གཞི་ངེས་ཅན་དགོས་སྐོར་སོགས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||