འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་བཞིན་ཡོད་འདུག

ཕྱི་ལོ་༢༠༡༧ ལོར་འཛམ་གླིང་ནང་བསྐྲུན་པའི་རྒྱུ་ནོར་བརྒྱ་ཆ་༨༢ མི་འབོར་བརྒྱ་ཆ་༡ ཀྱིས་བདག་བཟུང་བྱས་ཡོད་འདུག་པ་དང་། དེ་བཞིན་ལོ་སྔོན་མར་ཐེར་འབུམ་བདག་པོ་མང་དུ་སོང་ནས་དབུལ་ཕྱུག་བར་གྱི་ཁྱད་པར་ཆེ་རུ་འགྲོ་བཞིན་ཡོད་འདུག

ཟླ་༡ པོའི་ཚེས་༢༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་འཛམ་གླིང་ནང་དབུལ་ཕོངས་ཉུང་དུ་གཏོང་ཐབས་བྱེད་མཁན་ཚོགས་པ་ཨོག་སེ་ཧྥེམ་(OXFAM) ཞེས་པ་དེས། ཕྱི་ལོ༢༠༡༧ ལོའི་འཛམ་གླིང་གི་དབུལ་ཕྱུག་བར་གྱི་ཁྱད་པར་སྐོར་གྱི་སྙན་ཐོ་བཏོན་ཡོད་འདུག་པ་དང་། དེ་ལས་ལོ་སྔོན་མར་འཛམ་གླིང་ནང་བསྐྲུན་པའི་རྒྱུ་ནོར་གྱི་བརྒྱ་ཆ་༨༢ མི་འབོར་བརྒྱ་ཆ་༡ ཀྱིས་བདག་བཟུང་བྱས་ཡོད་པ་དང་། དབུལ་ཕོངས་ཁོངས་སུ་ཚུད་པའི་མི་འབོར་ཐེར་འབུམ་༣.༧ ལ་རྒྱུ་ནོར་འཕེལ་རྒྱས་གང་ཡང་བྱུང་མེད་འདུག

དེ་བཞིན་རྒྱ་གར་ནང་ལོ་སྔོན་མར་བསྐྲུན་པའི་རྒྱུ་ནོར་གྱི་བརྒྱ་ཆ་༧༣ མི་འབོར་བརྒྱ་ཆ་༡ གིས་བདག་བཟུང་བྱས་ཡོད་འདུག་པ་དང་། དབུལ་ཕོངས་ཀྱི་མི་འབོར་ས་ཡ་༦༧༠ ལ་རྒྱུ་ནོར་འཕེལ་རྒྱས་ཀྱི་བརྒྱ་ཆ་༡ བྱུང་ཡོད་ཁར། ཕྱུག་བདག་མི་འབོར་བརྒྱ་ཆ་༡ གི་རྒྱུ་ནོར་འཕེལ་བསྐྱེད་བྱུང་བའི་ཁ་གྲངས་ནི་རྒྱ་གར་དབུས་གཞུང་གི་ཕྱི་ལོ་༢༠༡༧ ནས་༢༠༡༨ བར་གྱི་ཁྱོན་བསྡོམས་སྔོན་རྩིས་དང་གཅིག་པ་ཡིན་འདུག

དེང་གི་ཆར་སུད་སིའི་གྲོང་སྡེ་ཌ་ཝོ་སེ་ལ་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་འཚོགས་བཞིན་ཡོད་པས། དེ་གར་རྒྱུན་དུ་ནས་ཨོག་སེ་ཧྥེམ་གྱི་སྙན་ཐོ་ལ་དོ་སྣང་བྱས་ཏེ་བགྲོ་གླེང་ལྷུག་པོ་བྱེད་ཀྱི་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༧ ལོར་ཐེར་འབུམ་བདག་པོ་གསར་པ་མང་པོ་ཞིག་བྱུང་ཡོད་འདུག་པ་དང་། རྒྱ་གར་ནང་ལོ་སྔོན་མར་ཐེར་འབུམ་བདག་པོ་གསར་པ་༡༧ བྱུང་འདུག་པས། ཁྱོན་བསྡོམས་ཐེར་འབུམ་བདག་པོ་༡༠༡ ཡོད་འདུག་པ་ལས། བུད་མེད་༤ ཡོད་པའི་ཁོངས་ནས་༣ ལ་ཕ་གཞིས་ཐོབ་པ་ཡིན་འདུག རྒྱ་གར་གྱི་ཨོག་སེ་ཧྥོམ་གྱི་འགན་འཛིམ་གྱིས། དེ་ནི་རྒྱ་གར་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་མིན་པར་། དེ་ནི་དཔལ་འབྱོར་གྱི་མ་ལག་གྲུབ་འབྲས་ཐོན་གྱི་མེད་པའི་རྟགས་ཡིན་པ་དང་། དབུལ་ཕྱུག་བར་གྱི་ཁྱད་པར་ཆེ་རུ་འགྲོ་བཞིན་པ་དེས་མང་གཙོ་ལ་དོ་ཕོག་གཏོང་རྒྱུ་ཡིན་ཁར། ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་ཀྱིས་གྲོགས་པོའི་འདུན་པ་སྒྲུབ་པའི་ལམ་སྲོལ་འཕེལ་སྐྱེད་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

ཨོག་སེ་ཧྥེམ་ཚོགས་པས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ཚོས། ཕྱུག་བདག་ཚོའི་ཁྲལ་འཇལ་ཚད་མཐོ་རུ་བཏང་ནས་ཁེ་ལས་དོ་དམ་པའི་ཡོང་འབབ་ཚོད་འཛིན་བྱ་རྒྱུ་དང་། དུས་མཚུངས་སུ་མཉམ་འབྲེལ་གྱིས་ཁྲལ་གཡོལ་མཁན་ལ་ཁ་གཏད་བཅག་ནས་རྒྱུ་ནོར་འདྲ་མཉམ་ལ་སྐུལ་འདེད་གཏོང་དགོས་པའི་བསམ་འཆར་བཏོན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||