རང་སྲེག་ངོ་རྒོལ་བ་བསྟན་འཛིན་ཆོས་དབྱིངས་གྲོངས་འདུག

བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་བསྟན་འཛིན་ཆོས་དབྱིངས་ཟླ་༧ པའི་ཚེས་༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་༤ དང་སྐར་མ་༥༠ ལ། ལྡི་ལིའི་ས་ཧྥེ་ཌར་ཇོང་སྨན་ཁང་དུ་གྲོངས་འདུག

ཟླ་༧ པའི་ཚེས་༡༤ ཉིན་སློབ་མ་བསྟན་འཛིན་ཆོས་དབྱིངས་ཀྱིས་ཝ་ར་ན་སིའི་གཙུག་ལག་སློབ་གཉེར་ཁང་གི་བུའི་སྡོད་ཁང་གི་རྒྱལ་སྒོའི་འགྲམ་དུ་རང་ལུས་མེར་སྲེག་གནང་ཡོད་པ་རེད། ཁོང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་པའི་ནང་། བོད་དང་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱོང་བའི་བློ་མིག་ཕྱེ་ཆེད་དུ་མེར་སྲེག་གནང་བ་ཡིན་སྐོར་འཁོད་ཡོད་པ་རེད།

ཐོག་མར་ས་གནས་དེ་གའི་སྨན་ཁང་ཆེ་གྲས་ཤིག་ཏུ་སྨན་བཅོས་བྱས་ཡོད་པ་དང་། ཟླ་༧ པའི་ཚེས་༢༠ ཉིན་ཝར་ན་སི་ནས་རྒྱལ་ས་ལྡི་ལི་བར་ དམིགས་བསལ་ནད་པ་མྱུར་སྐྱོབ་ཀྱི་གནམ་གྲུ་བརྒྱུད་འཁྱེར་ནས། དེ་གའི་ སྨན་ཁང་ཆེ་གྲས་ས་ཧྥེ་ཌར་ཇོང་དུ་སྨན་བཅོས་བྱས་ཡོད་པ་རེད། འོན་ཀྱང་ཟླ་༧ པའི་ཚེས་༢༡ ཉིན་ཁོང་གི་གནས་སྟངས་ཛ་དྲག་ཆགས་ནས། ཟླ་༧ པའི་ཚེས་༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་༤ དང་སྐར་མ་༥༠ ལ་གྲོངས་འདུག

ཁོང་ནི་བོད་མིའི་ལྷོ་ཕྱོགས་གཞིས་ཆགས་ཀོ་ལི་གྷལ་ཡིན་པ་དང་། ཝར་ན་མཐོ་སློབ་ཏུ་ དབུ་མ་གོང་མའི་འཛིན་རིམ་དང་པོའི་སློབ་མ་ཡིན་པ་དང་། དེ་གའི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། རྒྱུན་དུ་ནས་བོད་དོན་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་ཁར། བོད་ཀྱི་མི་རིགས་དང་རྒྱལ་ཁབ་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར་ཉེ་འཁོར་ཚོས་འགྲེལ་བརྗོད་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||