རྒྱ་གར་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་གིས་མོག་མོག་བཙོང་མི་ཆོག་པ་བཟོ་ཐབས།

རྒྱ་གར་བྱང་ཕྱོགས་ཇ་མུ་དང་ཀ་ཤེ་མེར་མངའ་སྡེའི། གྲོས་ཚོགས་འཐུས་མི་དང་བྷེ་ཇེ་བྷེའི་ཆབ་སྲིད་ཚོགས་པའི་ཚོགས་མི་ར་མེ་ཤེ་ཨ་རོ་ར་ཡིས། མོག་མོག་དེ་ངན་ལང་ཤོར་ནུས་ཀྱི་བཟི་སྨན་དང་འདྲ་བར་བརྟེན།  དེ་ཉེན་ཁ་ཆེན་པོ་ཡིན་སྐོར་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༨ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཇ་མུ་དང་ཀ་ཤེ་མེར་མངའ་སྡེའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ར་མེ་ཤེ་ཨ་རོ་ར་ཡིས། འདས་པའི་ཟླ་བ་༥ ཡི་ནང་མི་མང་ཁྲོད་དུ་གཏམ་བཤད་སྤེལ་ནས། མོག་མོག་བཀག་སྡོམ་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་འདུག་པ་དང་། ཁོང་གིས་མོག་མོག་བཀག་སྡོམ་དགོས་པའི་བརྗོད་གཞི་དང་འབྲེལ་ནས། བགྲོ་གླེང་ཚོགས་འདུ་ཞིག་ཀྱང་བསྐོངས་ཡོད་འདུག དེ་གར་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གི་ཚོགས་མི་རྒན་གྲས་དང་། སྨན་པ། ཤེས་ཡོན་པ། དེ་བཞིན་སྨན་དང་ཁ་ལག་སྟངས་འཛིན་ལས་ཁང་སོགས་ཀྱི་ལས་བྱེད་ཀྱང་མཉམ་ཞུགས་བྱས་ཡོད་འདུག

ཁོང་གིས་མོག་མོག་ནང་དུ་བེད་སྤྱོད་བྱེད་བཞིན་པའི་སྨན་སྣ་(Ajinomoto)སྟེ་རྒྱ་སྐད་དུ་ཝི་ཇིང་ཞེས་པ་དེ་འཕྲོད་བསྟེན་ལ་ཉེན་ཚབས་ཆེན་པོ་ཡིན་སྐོར་བརྗོད་ནས། ཁུལ་དེའི་གཞོན་སྐྱེས་རྣམས་མོག་མོག་ཟ་རྒྱུར་བཟི་སྨན་ལྟར་ངན་ལང་ཤོར་བཞིན་ཡོད་པ་དང་། དེས་ཁོ་ཚོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པས། མོག་མོག་འཚོང་རྒྱུར་བཀག་སྡོམ་བྱེད་དགོས་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁུལ་དེར་བྷང་ལ་ཌེ་ཤི་དང་འབར་མའི་མི་རིགས་ཀྱིས་མོག་མོག་བཟོ་བ་དང་བཙོང་པའི་ལས་ལ་འཇུག་ཀྱི་ཡོད་པར། ཁོང་གིས་ཕྱི་མི་ལ་དོགས་ཟོན་བྱེད་ཀྱི་ཡོད་པའི་རྣམ་པ་ཡང་བསྟན་ཡོད་འདུག

ཁོང་གིས་མོག་མོག་ཙམ་མ་ཡིན་པར། ལམ་ཟུར་དུ་བཙོང་བཞིན་པའི་རྒྱ་མིའི་ཁ་ལག་མང་པོ་ཞིག་ནང་ཝི་ཇིང་དང་སྨན་སྣ་རིགས་ཀྱིས་འབྲས་ནད་བཟོ་ཡི་ཡོད་སྐོར་བརྗོད་འདུག་ལ། མངའ་སྡེའི་ཇ་མུ་ཁུལ་དུ་མོག་མོག་བཙོང་རྒྱུར་བརྒྱ་ཅ་༣༥ མར་ཆགས་ཡོད་པར། ཁོང་གི་ལས་འགུལ་གྱི་ཤུགས་རྐྱེན་ཡིན་པར་ངོས་འཛིན་ཐོག་དགའ་སྤོབས་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༢༠༠༧ ལོར་རྒྱ་གར་གྱི་འབྲས་ནད་ཞིབ་འཇུག་ལྟེ་གནས་ཁང་(Netaji Subhas Chandra Bose Cancer Research Institute) གིས་ཝི་ཇིང་གིས་ཕོ་བའི་འབྲས་ནད་ན་བའི་རྒྱུ་ཡིན་སྐོར་སྡོམ་ཚིག་བཀོད་ཡོད་འདུག་པ་དང་། ཕྱི་ལོ་༢༠༠༤ ལོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཝི་ཇིང་དེ་ཉེན་ཚབས་ཅན་ཞིག་ཡིན་པར་གསལ་བསྒྲགས་བྱས་ཡོད་ནའང་། ཨ་རིའི་ཁ་ལག་དང་སྨན་གྱི་ལས་ཁང་གིས་ཝི་ཇིང་དེ་སྤྱིར་བཏང་ནས་ཉེན་ཚབས་མེད་སྐོར་བརྗོད་ཡོད་ཁར། དེ་བེད་སྤྱོད་མཁན་རྒྱལ་ཁབ་༢༦ ནས་༨ ཀྱིས་དེ་ཤུགས་ཆེན་པོར་བཀག་སྡོམ་བྱེད་ཀྱི་ཡོད་འདུག

དེ་བཞིན་ཟླ་༥ པའི་ཚེས་༡༧ ཉིན་རྒྱ་གར་གྱི་དུས་བབ་སྟེང་མོག་མོག་དེ་ནི་ལམ་ཟུར་གྱི་ཁ་ལག་རིགས་ནང་ནས་འཕྲོད་བསྟེན་ལ་གནོད་སྐྱེལ་མཁན་ཆེ་ཤོས་ཡིན་སྐོར་གྱི་རྩོམ་ཡིག་ཅིག་ཀྱང་ཐོན་ཡོད་པ་རེད། དེའི་ནང་དུ་མོག་མོག་བཟོ་སྐབས་བེད་སྤྱོད་བྱེད་བཞིན་པའི་གྲོ་ཞིབ་དཀར་པོ་(Maida)དང་། ཤ་དང་ཚལ་སོགས་རྙིང་པ་ཡིན་པ། དེ་བཞིན་སི་པན་སོགས་ཀྱི་རྒྱུ་ཆ་ཞན་པོ་ཡིན་པས། འཕྲོད་བསྟེན་ལ་གནོད་ཚབས་ཆེན་པོ་ཡོད་སྐོར་འཁོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||