རྒྱ་ནག་གི་རྩ་ཁྲིམས་ནང་ཞི་ཡི་དགོངས་པ་འཇོག་རྒྱུར་སྤྱི་མོས་བྱུང་འདུག  

ཞི་ཅི་ཕིང་གི་ཆབ་སྲིད་ཀྱི་དགོངས་དོན་ཞེས་ཆེད་དུ་ཞི་ཡི་མིང་དྲངས་ཏེ་རྩ་ཁྲིམས་བསྐྱར་བཅོས་བྱ་རྒྱུར་སྤྱི་མོས་བྱུང་བ་དེས། ཞི་ཅི་ཕིང་དེང་རབས་ཀྱི་རྒྱ་ནག་གསར་འཛུགས་གནང་མཁན་མའོ་ཡི་གནས་ཚད་དུ་ཡར་བསྐྱལ་ཡོད་པ་ཞིག་ཡིན་སྐོར་འདུག

ཟླ་འདིའི་ཕྱི་ཚེས་༢༤ ཉིན་རོའུ་ཊར་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་འཛིན་སོ་སོས་སྲིད་སྐྱོང་བའི་སྐབས་སུ་རྩ་ཁྲིམས་ནང་སོ་སོའི་མིང་དྲངས་ནས་དགོངས་པ་ཞེས་བཞག་པ་ནི། དེ་སྔོན་མའོ་ཙེ་ཏུང་ལས་གཞན་པའི་སྲིད་འཛིན་སུ་ལ་ཡང་བྱུང་མེད་པ་དང་། ཏི་ཞའོ་ཕིང་གི་གཞུང་ལུགས་ཞེས་ཏིང་གི་མིང་རྩ་ཁྲིམས་ནང་བཞག་ཡོད་ཀྱང་དེ་ནི་ཁོང་གྲོངས་ཚར་རྗེས་སུ་གཞི་ནས་བཞག་པ་ཞིག་ཡིན་འདུག ད་ཐེངས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག ཞི་ཅི་ཕིང་གི་ཆབ་སྲིད་ཀྱི་དགོངས་དོན་ཞེས་ཆེད་དུ་ཞི་ཡི་མིང་དྲངས་ཏེ་རྩ་ཁྲིམས་བསྐྱར་བཅོས་བྱ་རྒྱུར་སྤྱི་མོས་བྱུང་བ་དེས་ཞི་ཅི་ཕིང་དེང་རབས་ཀྱི་རྒྱ་ནག་གསར་འཛུགས་གནང་མཁན་མའོ་ཡི་གནས་ཚད་དུ་ཡར་བསྐྱལ་ཡོད་པ་ཞིག་ཡིན་འདུག

ཚོགས་ཆེན་ཐོག་“དུས་རབས་གསར་པའི་ནང་དུ་ཞི་ཅི་ཕིང་གི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་”ཞེས་པ་དེ་སྤྱི་མོས་ཀྱི་ཐོག་ནས་ལེགས་ལམ་དུ་དཀྲི་བའི་རྩ་འཛིན་ཞིག་ཏུ་ངོས་འཛིན་གྱིས་རྩ་ཁྲིམས་ནང་བཅུག་སྟེ། རྩ་ཁྲིམས་བཟོ་བཅོས་བྱ་རྒྱུར་གྲོས་མཐུན་བྱུང་ཡོད་འདུག

དམར་ཤོག་ཚོགས་པས་ཕྱི་ཚེས་༢༥ ཉིན་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་དབང་འཛིན་མི་སྣ་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་རྣམས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་ནང་ཆེས་མཐོའི་དབང་འཛིན་མི་སྣ་༧ ཡོད་པ་རེད།  དེ་སྔོན་རྒྱ་ནག་གི་རྩ་ཁྲིམས་ནང་ཞི་ཅི་ཕིང་གི་སྔོན་གྱི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡི་ཚན་རྩལ་དང་མཐུན་པའི་འཕེལ་རྒྱས་ཟེར་བ་དང་། ཁོང་གི་སྔོན་གྱི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་ཞེས་པ་བཞག་ཡོད་ཀྱང་། དེ་དང་ལྷན་དུ་ཁོང་གཉིས་ཀྱི་མིང་རྩ་ཁྲིམས་ནང་བྲིས་མེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||