རྒྱ་ནག་ཏུ་རྒྱལ་སྤྱིའི་གསར་འགོད་པར་རྡུང་རྡེག་དང་བཙན་ཤེད།

རྒྱ་ནག་ཏུ་རྒྱལ་སྤྱིའི་བརྒྱུད་ལམ་སྦི་སྦི་སི་གསར་འགོད་རུ་ཁག་ལ། རྡུང་རྡེག་བཏང་ནས་བཙན་ཤེད་ཀྱི་ཐོག་ནས་ཁྲིམས་འགལ་གྱི་བཅར་འདྲི་བྱེད་ཐབས་བྱས་པ་ཁས་ལེན་བྱེད་བཅུག་ཡོད་འདུག

17105597_1427526110604587_1930831454_nཟླ་འདིའི་ཕྱི་ཚེས་༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཏུ་ཡོད་པའི་སྦི་སྦི་སི་གསར་ཁང་གི་སྡེ་ཚན་ཅིག་རྒྱ་ནག་ཧུ་ནན་ཞིང་ཆེན་དུ་ཕྱིན་ནས། བུད་མེད་ཡང་ལིང་ཧཱག་ཟེར་བ་ཞིག་ལ་མོའི་གྲོང་གསེབ་ནང་ཐུག་འཕྲད་བྱ་རྒྱུ་དང་། དེ་རྗེས་མེ་འཁོར་བརྒྱུད་པེ་ཅིང་དུ་ཡོང་རྒྱུ་སོགས་ཀྱི་འཆར་གཞི་བྱས་ཡོད་འདུག་ཀྱང་། རྒྱ་གཞུང་གི་བཀོད་ཇུས་འོག་ནས་མི་༢༠ ཙམ་མཉམ་རུབ་བྱས་ཏེ། མོའི་ཁང་པར་འགྲོ་བའི་ལམ་ནས་གསར་འགོད་པ་རྣམས་བཀག་ནས་རྡུང་རྡེག་བྱས་པ་དང་། པར་ཆས་ཡོངས་རྫོགས་བཅག་ཡོད་འདུག བཙན་ཤེད་ཀྱི་སྒོ་ནས་ཁྲིམས་འགལ་གྱི་བཅར་འདྲི་བྱེད་ཐབས་འཐེན་པར་བཟོད་གསོལ་གྱི་མིང་རྟགས་ཀྱང་བཀོད་བཅུག་ཡོད་འདུག

གནས་ཚུལ་དེའི་སྐོར་སྦི་སྦི་སིའི་གསར་འགོད་པ་ཇོན་སུ་ཌི་འོར་ཋིས་བརྗོད་དོན་དུ། “ངས་རྒྱ་ནག་ནང་གསར་འགོད་ལས་རིགས་དུས་ཚོད་རྒྱུན་རིང་ལ་གཉེར་བའི་ཁྲོད་དུ། འདི་འདྲའི་འཇིགས་སྣང་སྐུལ་བ་དང་། དྲག་སྤྱོད་སྤེལ་བ། བཙན་ཤེད་ཀྱིས་ཉེས་པ་ཁས་ལེན་བྱེད་འཇུག་པ་བཅས་ཀྱི་གནས་ཚུལ་བྱུང་བ་ནི་ཐེངས་དང་པོ་དེ་ཡིན་”ཞེས་དང་། དེ་བཞིན་ཁོས་རྒྱ་ནག་གཞུང་གིས་ཁྲིམས་འགལ་དུ་བརྩི་བའི་བཅར་འདྲི་བྱེད་ཐབས་བྱས་པ་དང་། གྲུབ་འབྲས་ངན་པ་ཡོང་བའི་བྱ་སྤྱོད་སྤེལ་བར་དགོངས་སེལ་ཞུ་དགོས་པ་བྱུང་ཡོད་སྐོར་བཅས་བཤད་ཡོད་འདུག

སྤྱིར་རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་འདི་འདྲའི་དྲག་སྤྱོད་ཀྱི་གནས་ཚུལ་བྱུང་བ་ནི་ཉེན་ཁའི་ཟུར་ཙམ་ཞིག་ཡིན་པ་དང་། ཕྱིས་སུ་གང་ཡོང་མིན་གྱི་ཐད་ལ་དེ་བས་ངེས་གཏན་མེད་པ་ཡིན་སྐོར་འདུག

ཡང་ལིང་ཧཱག་གིས་མེ་འཁོར་བརྒྱུད་པེ་ཅིང་དུ་འགྲོ་འཆར་འཐེན་དགོས་དོན་ནི། ཟླ་འདིའི་ཕྱི་ཚེས་༥ ནས་འགོ་འཛུགས་ཀྱིས་པེ་ཅིང་དུ་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་ལོ་ལྟར་རྒྱ་མི་སྟོང་ཕྲག་མང་པོས་ས་གནས་ཁག་ཏུ་དམར་ཤོག་ཚོགས་པའི་ཁྲིམས་ཁང་ཁག་ནས། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དང་། ས་ཁང་འཕྲོག་བཅོམ། ས་གནས་གཞུང་གི་བྱས་ཉེས། འཕྲོད་བསྟེན་ལ་སྣང་མེད་གཏོང་བ། ཉེན་རྟོག་པའི་གདུག་རྩུབ། དེ་བཞིན་དྲང་བདེན་མ་ཡིན་པར་ལས་གནས་ནས་དབྱུང་བ་སོགས་ལ་དྲང་བདེན་གྱི་ཐག་གཅོད་མ་བྱུང་བའི་ཞུ་གཏུགས་ཀྱི་ཡིག་ཆ་ཆག་པ་ཞིག་འཁྱེར་ནས། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དུ་འབུལ་བར་འགྲོ་ཡི་ཡོད་ཀྱང་། ས་གནས་གཞུང་གི་ལམ་ལུགས་ཀྱང་དམར་ཤོག་ཚོགས་པའི་ལམ་ལུགས་ཡིན་རྐྱེན། ལས་འགུལ་དེ་རིགས་ལམ་ལྷོང་ཡོང་རྒྱུའི་གོ་སྐབས་ཧ་ཅང་ཕྲ་བ་ལྟར། ད་ཐེངས་ཀྱང་ལམ་ལྷོང་བྱུང་མེད་འདུག ལོ་༣ གྱི་སྔོན་དུ་མོའི་སྤུན་མཆེད་ཡང་ཅི་ཧཱག་རྒྱ་ནག་པེ་ཅིང་དུ་སྙན་ཞུ་འབུལ་དུ་ཕྱིན་ཡོད་པ་འདུག མོར་སྦི་སྦི་སི་གསར་ཁང་གིས་དེའི་སྐོར་བཅར་འདྲི་ཞིག་བྱས་པའི་ནང་། མོའི་ནང་གི་ས་ཆ་བཙན་འཕྲོག་བྱས་ཡོད་སྐོར་དང་། དེའི་རྩོད་རྙོག་དང་འབྲེལ་ནས་ཁོ་མོའི་པ་ལགས་ལ་རྡུང་རྡེག་ཚད་མེད་བཏང་མཐར་འདས་གྲོངས་ཤོར་ཡོད་སྐོར་བཅས་བཤད་ཡོད་འདུག ད་ཆ་ཡང་ཅི་ཧཱག་དང་ཁོ་མོའི་ཨ་མ་གཉིས་ནི་རྒྱ་གཞུང་གི་བཀག་སྡོམ་འོག་གནས་ཡོད་འདུག

རྒྱ་གཞུང་ལ་མི་མང་འཐུས་མི་ཚོགས་ཆེན་གྱི་དམིགས་ཡུལ་གཞན་ཡོད་མིན་ལ་མ་ལྟོས་པར། མི་མང་པོ་ཞིག་ལ་མཚོན་ལ་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནི། མང་ཚོགས་ཀྱི་བདེ་སྡུག་སྐོར་ཞུ་གཏུགས་བྱ་རྒྱུའི་གོ་སྐབས་གཅིག་པུ་དེ་ཡིན་སྟབས། ཁོང་ཚོས་མི་མང་འཐུས་མི་ཚོགས་ཆེན་འཚོགས་པ་དང་བསྟུད་མར་ཞུ་གཏུགས་རྒྱག་རྒྱུའི་འབད་བརྩོན་བྱེད་མུས་ཡིན་འདུག འོན་ཀྱང་། ད་ཆ་མི་མང་འཐུས་མི་ཚོགས་ཆེན་འཚོགས་ལ་ཉེ་བ་ཡིན་སྟབས་ཞུ་གཏུགས་རྒྱག་སའི་ལས་ཁུངས་ཀྱི་ཕྱི་ལོགས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||