རྒྱ་ནག་ནང་རྒྱལ་ཞེན་གྱི་གློག་བརྙན་ཞིག་ལ་དགའ་མོས་ཆེན་པོ་ཐོབ་འདུག

རྒྱ་ནག་ནང་དུ་རྒྱལ་ཞེན་གྱི་གློག་བརྙན་ཞིག་ལ་མི་མང་ཚོས་དགའ་མོས་ཆེན་པོ་བྱས་ནས། རྒྱ་ནག་གི་ནང་ད་བར་གློག་བརྙན་ལག་འཛིན་སྤྱིལ་བུ་ཁང་ནས་ལག་འཛིན་ཉོས་པའི་ཐོ་གྲངས་མཐོ་ཤོས་གསར་པ་དེ་ཆགས་ཡོད་འདུག

ཟླ་༨ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨེན་ཨེན་ཐོག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་མི་མང་བཅིངས་གྲོལ་དམག་འགོ་འཛུགས་བྱས་ནས་ལོ་༩༠ འཁོར་བའི་དུས་དྲན་མ་བྱས་པའི་སྔོན་དུ། (Wolf Warrior 2) ཞེས་པའི་རྒྱལ་ཞེན་ཅན་གྱི་གློག་བརྙན་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། གློག་བརྙན་དེའི་ལག་འཛིན་ཉོ་ཚོང་ལས་ཟླ་༨ པའི་ཚེས་༨ ཉིན་བར་དུ་ཨ་སྒོར་ས་ཡ་༥༢༠ བསགས་ཐུབ་ཡོད་འདུག་པས། དེ་སྔོན་གྱི་གློག་བརྙན་དངུལ་མང་ཤོས་བསགས་ཐུབ་མཁན་གྱི་ཐོ་གྲངས་ལས་བརྒལ་ནས་ཐོ་གྲངས་གསར་པ་བཀོད་ཡོད་པ་རེད་འདུག

གློག་བརྙན་དེའི་སྒྲུང་ནི་མིང་འདོན་བྱས་མེད་པའི་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཅིག་ནང་། རྒྱ་ནག་གི་དམག་མི་རྩེ་ཕུད་ཅིག་གིས་དམག་འཁྲུག་ཁྲོད་དུ་ལྷག་པའི་རྒྱ་ནག་གི་ལས་མི་རྣམས་ཉེན་སྐྱོབ་བྱེད་དུ་འགྲོ་བའི་སྐོར་ཡིན་འདུག རྒྱ་ནག་གི་ས་གནས་ཀྱི་བརྒྱུད་ལམ་ཁག་ཅིག་གིས་བརྗོད་དོན་ལྟར་ན། གློག་བརྙན་དེ་ནི་ཕྱི་ལོ་༢༠༡༡ ལོར་ལི་བྷི་ཡ་དང་། ཕྱི་ལོ་༢༠༡༥ ལོར་ཡེ་མེན་བཅས་ནས་རྒྱ་ནག་ལས་མི་ཉེན་སྐྱོབ་བྱས་པའི་དངོས་བྱུང་གནས་ཚུལ་ལ་ཏོག་ཙམ་གཞིར་བཞག་བྱས་ཡོད་འདུག

ཕྱི་ལོ་༢༠༡༥ ལོར་གློག་བརྙན་དེའི་ཐོན་དང་པོས་ཨ་སྒོར་ས་ཡ་༨༠ ལས་བསགས་ཐུབ་མེད་པ་དང་། སྐབས་དེར་ལྟད་མོ་བའི་ཁྲོད་དགའ་མོས་ཆེན་པོ་བྱུང་མེད་ཀྱང་། ཐེངས་འདིར་ཐོན་གཉིས་པ་དེར་དགའ་མོས་ཆེན་པོ་བྱུང་ཡོད་པ་རེད་འདུག

གློག་བརྙན་དེ་མཇུག་བསྒྲིལ་སྐབས་རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་གྱི་རྒྱབ་ངོས་སུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཚོ། ཁྱེད་རང་ཕྱིའི་རྒྱལ་ཁབ་ལ་ཉེན་ཁ་འཕྲད་དུས་སེམས་ཤུགས་མ་ཆགས། ཁྱེད་རང་གི་རྒྱབ་ལ་སྟོབས་ཆེན་གྱི་མ་ཡུམ་རྒྱལ་ཁབ་ཅིག་ཡོད་པ་དྲན་པ་གྱིས་ཞེས་པའི་འཕྲིན་ཐུང་བཀོད་ཡོད་པའི་བརྙན་པར་ཞིག་ཡོད་འདུག

གློག་བརྙན་དེ་ཁྱབ་བསྒྲགས་སྐབས་ཀྱི་བསྒྲགས་ཚིག་ནི་སུས་རྒྱ་ནག་ལ་སུན་གཙེར་བྱས་ཚེ། དེ་གང་དུ་ཡོད་ནའང་བཙལ་ནས་ཉེས་པ་གཏོང་རྒྱུ་ཡིན་ཞེས་བཀོད་ཡོད་འདུག་པས། གློག་བརྙན་དཔྱད་བརྗོད་པ་ཁག་ཅིག་གིས། དེ་ནི་ཐལ་ཆེ་བའི་རྒྱལ་ཞེན་རིང་ལུགས་དང་དྲིལ་བསྒྲགས་ཀྱི་གློག་བརྙན་ཞིག་ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་ནང་གློག་བརྙན་དེར་དགའ་མོས་ཆེན་པོ་བྱུང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||