རྒྱ་མི་ཞིག་གིས་རྒྱ་གར་གྱི་རྒྱལ་དར་སྙིག་སྣོད་ནང་གཡུགས་པའི་མི་མང་གི་ངོ་རྒོལ།

རྒྱ་གར་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཨོ་པོ་འཕྲུལ་ཆས་ཚོང་ལས་ཁང་གི་ལས་བྱེད་རྒྱ་མི་ཞིག་གིས། རྒྱ་གར་གྱི་རྒྱལ་དར་གྱང་ངོས་ནས་མར་དབྲལ་ནས་སྙིག་སྣོད་ནང་གཡུགས་ཡོད་པས། མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༧ ཉིན་གྱི་དགོང་མོར། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་གྱི་གྲོང་ཁྱེར་ནཱོ་ཌར་རྟེན་གཞི་བྱས་པའི། རྒྱ་ནག་གི་ཨོ་པོ་ལག་ཐོག་ཁ་པར་ཚོང་ལས་ཁང་དུ། ལས་ཁང་དེའི་ཐོན་སྐྱེད་འགན་འཛིན་རྒྱ་མི་ཞིག་གིས། གྱང་ངོས་ནས་རྒྱ་གར་གྱི་རྒྱལ་དར་དབྲལ་ནས། སྙིག་སྣོད་ནང་དུ་གཡུགས་ཡོད་འདུག དེ་ལ་བརྟེན་ནས་ཚེས་༢༨ ཉིན་ཚོང་ལས་ཁང་གི་ལས་མི་དང་མི་མང་བརྒྱ་ཕྲག་མང་པོས། ཚོང་ལས་ཁང་དེའི་ཕྱི་ལོགས་སུ་ཁོང་འཛིན་བཟུང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་འདུག་པས། ཉེན་རྟོག་པ་ཕོན་ཆེན་སླེབས་དགོས་པའི་གནས་སྟངས་ཆགས་ཡོད་འདུག

ཚོང་ལས་ཁང་དེས་རྒྱ་མི་ལས་བྱེད་དེ་གནས་དབྱུང་བཏང་ཟིན་ཡོད་ནའང་། ཉེན་རྟོག་པས་རྒྱ་མི་དེའི་ནག་ཉེས་ཐོ་འགོད་བྱས་ཟིན་ཡོད་པ་དང་། གལ་ཏེ་ནག་ཉེས་ར་སྤྲོད་བྱུང་ཚེ་དོ་བདག་ལ་ཉེས་ཆད་ཆེན་པོ་གཏོང་རྒྱུ་ཡིན་སྐོར་ཉེན་རྟོག་པས་བརྗོད་འདུག

དེ་སྔོན་འཛམ་གླིང་ནང་དྲ་ཐོག་ཚོང་ལས་ཁང་ཆེ་ཤོས་ཨེ་མེ་ཛོན་གྱི་ཡན་ལག་རྒྱ་གར་དུ་ཡོད་པ་དེས། རྒྱ་གར་གྱི་རྒྱལ་དར་དཔེ་རིས་ཡོད་པའི་སྒོ་གདན་བཙོང་ཡོད་པས། མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་པས། སྒོ་གདན་དེའི་རིགས་ཚོང་རྒྱུ་མཚམས་འཇོག་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||