རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི།

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་༣༤ པ་དེ་འཛམ་གླིང་གི་རྒྱལ་༡༥༠ ལྷག་གི་ནང་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། དྷ་སར་ཡང་ཉིན་མོ་དེར་སྲུང་བརྩི་བྱས་ཏེ་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་དེ་དག་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་ཀྱི་བཙོན་འོག་གི་རྩོམ་པ་པོའི་སྙན་ཐོ་<<ལྕགས་སྒྲོག་འོག་གི་གསེར་སྙུག་>>ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་ཡོད་པ་རེད།

kliu888དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དུ་ཡོད་པའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་ནང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོའི་དུས་དྲན་ཐེངས་༣༤ པ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་།

མཛད་སྒོའི་ཐོག་མར་ཨ་རིག་འགྱུར་མེད་དང་། སྨིན་སྣང་མཛེས་གཉིས་ཀྱིས་བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་དང། ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱི་སྙན་ངག་ཅིག་གྱེར་འདོན་བྱས་པ་དང་འབྲེལ་དུས་དྲན་སྲུང་བརྩི་འགོ་འཛུགས་བྱས་ཡོད་པ་རེད།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ཀྱིས་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་སྐོར་གྱི་གསུང་བཤད་གནང་སྐབས། རྒྱལ་སྤྱིའི་པེན་གྱི་རྩོམ་པ་པོའི་མཐུན་ཚོགས་དེ་རྒྱལ་སྤྱིའི་ནང་གི་ཚོགས་པ་ཆེ་ཤོས་གཅིག་ཡིན་པ་དང། རྒྱལ་ཁབ་གང་སར་ཉིན་མོ་དེ་སྲུང་བརྩི་བྱེད་ཀྱི་ཡོད་སྐོར་དང་འབྲེལ་ནས་གསུང་དོན། ལས་གཞི་གལ་ཆེ་ཤོས་གཅིག་དེ་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོའི་གནས་སྟངས་སྐོར་ཡིན་པ་དང་། བོད་ནང་གི་རྩོམ་པ་པོ་ག་འདྲ་ཞིག་ལ་བརྩམས་ཆོས་ཀྱི་ཐོག་ནས་དཀའ་ངལ་འཕྲད་ན། རྒྱལ་སྤྱིའི་རྩོམ་པོ་པོའི་མཐུན་ཚོགས་དང་རྒྱལ་ཚོགས་ནང་དུ་གླེང་སློང་ཡོང་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་སྐོར། རྒྱ་ནག་གཞུང་གི་བཀག་འགོག་འོག་བོད་ནང་གི་རྩོམ་ཡིག་མང་པོ་ཞིག་པར་སྐྲུན་དང་འགྲེམས་སྤེལ་མ་ཐུབ་པ་དེ་ཚོ་འགྲེམས་སྤེལ་ཡོང་ཐབས་བྱེད་རྒྱུ་ཡིན་སྐོར། བོད་ནང་གི་རྩོམ་པ་པོའི་རང་དབང་དང་། བཙོན་འོག་ཏུ་བོད་པའི་རྩོམ་པ་པོའི་གནས་སྟངས་སྐོར། བོད་ཀྱི་སྐད་ཡིག་རང་དབང་སྐོར་གྱི་ལས་འགུལ་རྒྱལ་སྤྱིའི་ཐོག་སྐྱེལ་ཐབས་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་གིས་༡༠༡༥ ལོའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་༨༡ པའི་ཐོག་མཉམ་ཞུགས་བྱས་སྐོར་དང་། དེའི་ཐོག་བཙོན་འོག་གི་བོད་ཀྱི་རྩོམ་པ་པོའི་སྐོར་ངོ་སྤྲོད་དང་། ཁོང་ཚོ་གློད་གྲོལ་ཡོང་ཐབས་བཅས་ཀྱི་སྐོར་གྲོས་ཆོད་བཞག་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཨ་རིག་འགྱུར་མེད་ཀྱིས་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྒྲོལ་མ་སྐྱབས་ཀྱི་གནས་སྟངས་སྐོར་དང་། ཁོང་གི་བརྩམས་ཆོས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས་བཙོན་འོག་གི་རྩོམ་པ་པོ་སེམས་ཚོར་ཁོང་སྔོན་མ་རྩོམ་ཡིག་བྲིས་པའི་རྐྱེན་གྱིས་རྒྱ་ནག་གི་བཙོན་ཁང་དུ་བསྡད་པའི་བརྒྱུད་རིམ་དང་འབྲེལ་གསུང་བཤད་གནང་སྐབས། བཙན་བྱོལ་ནང་གི་རྩོམ་པ་པོའི་མཐུན་ཚོགས་དེ་ཆོལ་ཁ་དང་ཆོས་ལུགས། སྐྱ་སེར་དབྱེར་མེད་ཀྱི་སྡིངས་ཆ་ཞིག་ཆགས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་བཞིན་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས། “རྩོམ་པ་པོ་དེ་ཚོར་ཤེས་ཡོན་གྱི་རྒྱབ་ལྗོངས་མཐུག་པ་དང་། དཔྱོད་ཤེས་ཀྱི་བློ་མིག་རྣོ་བ། བདེན་བརྗོད་ཀྱི་རྒྱ་ཁ་དྲང་པ། གཟབ་ནན་གྱི་རྡོག་རྩ་བརྟན་པ། དམིགས་འདུན་གྱི་ལམ་ཁ་གསལ་བ་བཅས་ལྔ་ཚང་དགོས་ཀྱི་འདུག་”ཅེས་གསུངས་སོང་།

མཇུག་ཏུ་བོད་ནང་གི་རྩོམ་པ་པོ་གཉན་དང་། ཐེའུ་རང་། ཞོགས་ལྗངས་བཅས་ཀྱི་སྙན་ངག་གྱེར་འདོན་བྱས་ཏེ་དུས་དྲན་སྲུང་བརྩི་མཇུག་བསྡུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||