ལྷ་སའི་གནམ་ཐང་ནས་ངེད་ཚོ་ནི་ཕྱིའི་རྒྱལ་ཁབ་ཀྱི་མི་ཡིན་པའི་ཚོར་སྣང་སླེབས་སོང་།

བོད་ནང་ཕྱིན་པའི་སུ་ཇཱ་སློབ་ཟུར་མཁའ་མོ་སྐྱིད་ལ་གཞིས་ཞུགས་བོད་མི་ཚོའི་བོད་ཀྱི་གནད་དོན་དང་བོད་ཀྱི་སྐད་ཡིག་སྐོར་དང་འབྲེལ་བའི་བཅར་འདྲི།

16652008_1256750737737592_1132959964_nམཁའ་མོ་སྐྱིད་ནི་སྐྱེས་ཡུལ་ཨ་མདོ་བླ་བྲང་ནས་ཡིན་པ་དང་། བོད་ནང་སློབ་འབྲིང་བར་འགྲིམ་མྱོང་ཡོད། ཕྱི་ལོ་༢༠༠༦ ལོར་བོད་ནས་རྒྱ་གར་དུ་འབྱོར་ཏེ། སུ་ཇཱ་བོད་ཁྱིམ་དང་སེ་ལ་ཀུ་བོད་ཁྱིམ་དུ་ཚན་རིག་སྡེ་ཚན་གྱི་ནང་སློབ་གཉེར་བྱས། ༢༠༡༤ ལོར་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པའི་རྗེས། མཐོ་རིམ་སློབ་གྲྭར་སོང་། ཉིས་སྟོང་བཅོ་ལྔའི་ཟླ་མཇུག་བོད་དུ་བསྐྱོད་པ་དང་། ཕྱིར་རྒྱ་གར་དུ་ལོག་ནས་ད་ལྟ་རྡ་སར་བསྡད་ཡོད་པ་རེད།

དྲི་བ། བཙན་བྱོལ་ནང་གི་དབྱིན་སྐད་ཀྱིས་ཕ་སྐད་སློབ་གསོ་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པ་མངོན་གསལ་རེད། དེས་ན་བོད་ནང་རྒྱ་སྐད་ཀྱིས་ཕ་སྐད་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་སྐོར་བརྗོད་རོགས།

ལན། དེ་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོ་ཕྱིའི་ལུང་པར་ཡོད་དུས། ཕྱིའི་མི་རིགས་ཀྱི་སྐད་ཡིག་མང་པོ་ཞིག་བོད་སྐད་ནང་བསྲེས་ལྷད་གཏོང་གི་ཡོད་རེད། དཔེར་ན། བོད་སྐད་ནང་དབྱིན་སྐད་དང་། རྒྱ་སྐད། ཧིན་སྐད་བསྲེས་ནས་བཤད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། སོ་སོའི་མི་རིགས་འཚོ་གནས་བྱེད་སའི་ཁོར་ཡུག་ཅིག་མིན་སྐབས། ཕ་སྐད་གཙང་མ་གཙང་རྐྱང་ཞིག་ཤོད་རྒྱུར་དཀའ་ལས་ཁག་པོ་རེད་སྙམ། དེ་བཞིན་ཕྱིའི་མི་དང་འདྲེས་ནས་འཚོ་སྡོད་བྱེད་དགོས་དུས། ཕ་སྐད་གཙང་རྐྱང་གི་སྒོ་ནས་གཞན་དང་འབྲེལ་མཐུད་བྱེད་ཁག་པོ་རེད་བསམ་གྱི་འདུག བོད་ནང་ལ་མཚོན་ནའང་རྒྱ་མིས་བོད་ཡིག་ལ་ཤུགས་རྐྱེན་དུ་མ་ཞིག་སྤྲོད་ཀྱི་ཡོད་པ་མངོན་གསལ་དོད་པོ་རེད། གཅིག་ནས་ཆབ་སྲིད་ཀྱི་གནོན་ཤུགས་ཀྱི་རྐྱེན་པས་དེ་ལྟར་ཡོང་གི་ཡོད་པ་དང་། གཉིས་ནས་སྤྱི་ཚོགས་ཁོར་ཡུག་གི་ཤུགས་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། གསུམ་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ནས་བཟུང་། བོད་པ་དང་རྒྱ་མི་གཉིས་མཉམ་བསྲེས་བྱས་ནས་བསྡད་ཡོད་པས། གནས་སྟངས་འདི་འདྲ་ཞིག་གི་འོག་སོ་སོའི་ཕ་སྐད་གཙང་མ་ཞིག་ཤོད་རྒྱུ་ནི་ཧ་ཅང་ཁག་པོ་རེད་བསམ་གྱི་ཡོད། ལྷག་པར་དུ་བོད་ནང་གི་གཞོན་སྐྱེས་ཚོར་མཚོན་ན། སོ་སོའི་སྣང་བ་གཡེང་བ་སོགས་རྐྱེན་མང་པོ་ཞིག་གི་གནས་སྟངས་དང་། བཙན་བྱོལ་ནང་ཡིན་ནའང་འདྲ། ཕ་སྐད་གཙང་མ་ཤོད་མཁན་ནི་ཧ་ཅང་དཀོན་པོ་དང་དཀའ་ལས་ཁག་པོ་འདུག

དྲི་བ། བོད་ནང་དུ་ཡོད་པའི་བོད་མི་ཕལ་བ་རྣམས་ཀྱིས་ནམ་རྒྱུན་ནས་རང་ཉིད་ཀྱི་ཕ་སྐད་ཐོག་ལ་ལྟ་སྟངས་དང་ག་འདྲ་ཡོད་མིན་དང་ད་ལྟའི་ཕ་སྐད་གནས་འབབ་ལ་སེམས་ཁུར་ཇི་འདྲ་གནང་གི་ཡོད་དམ།

ལན། དྲི་བ་འདི་ལ་ལན་འདེབས་རྒྱུ་ཏོག་ཙམ་ཁག་པོ་འདུག ཡིན་ནའང་ངེད་ཚོའི་རྒན་རབས་པ་ཚོས་སོ་སོའི་མི་རིགས་ལ་ཞེན་ཁོག་དང་ལ་རྒྱ་ཞིག་ཡོད་པ། དེ་དང་མཉམ་དུ་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་དུང་སེམས་དང་སེམས་ཚོར་ཞིག་ཏན་ཏན་ཡོད་རེད། ཡིན་ན་ཡང་། ངེད་ཚོའི་མི་རིགས་འདི་སྤྱི་ཚོགས་མང་པོ་ཞིག་དང་མཉམ་དུ་འདྲེས་ནས་བསྡད་ཡོད་པ་དང་། བཙན་བྱོལ་ནང་ཡིན་ནའང་དེ་ལྟར་བྱས་བསྡད་ཡོད་རེད། བོད་ནང་ལ་མཚོན་ནའང་། རྒྱ་མིའི་གཉའ་གནོན་གྱི་འོག་ན་འཚོ་གནས་བྱེད་དགོས་པ། དེ་བཞིན་རྒྱ་མི་དང་ལྷན་དུ་བསྲེ་ནས་བཞག་ཡོད་པ་དོན་དངོས་ཀྱི་གནས་སྟངས་ཤིག་རེད། འདི་འདྲ་ཡིན་དུས་ཁོ་ཚོས་སོ་སོའི་མི་རིགས་དང་སྐད་ཡིག་ལ་སེམས་ཚོར་ཤུགས་ཆེར་ཡོད་ཀྱང་། ཁོར་ཡུག་དང་སྤྱི་ཚོགས་འདི་འདྲ་ཞིག་གི་འོག་ནས་ཕ་སྐད་གཙང་མ་ཉར་ཚགས་བྱེད་པར། ཧ་ཅང་དཀའ་ལས་ཁག་པོ་ཆགས་ཡོད། འོན་ཀྱང་། ཁོ་ཚོར་ཐབས་ཤེས་མེད་པ་རྩ་བ་ནས་རེད་མི་འདུག བོད་ནང་གི་གཞོན་སྐྱེས་ཚོས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱིས་ཤུགས་སྣོན་འཕར་མ་ཞིག་བརྒྱབ་སྟེ། རང་མི་རིགས་ཀྱི་ཕ་སྐད་ལ་དོ་སྣང་དང་སྦྱང་བརྩོན་བྱས་ན། ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་ཐུབ་ཀྱི་རེད།

དྲི་བ། བོད་ནང་དུ་ཡོད་པའི་བོད་མི་ཚོས་བོད་ཀྱི་གནད་དོན་སྐོར་ལ་མཁྱེན་རྟོགས་ཡོད་མེད་དང་སེམས་འཁུར་ཇི་འདྲ་འདུག

ལན། གནད་དོན་དེ་རིགས་གསུམ་གྱི་སྒོ་ནས་དབྱེ་ན་འགྲིག་གི་འདུག་སྙམ། དང་པོ། བོད་ནང་ཡོད་པའི་བོད་མི་རྒན་རབས་མང་པོས་བྱེས་ཞུགས་བོད་མི་ཚོར་རེ་བ་བྱེད་པ་དང་། ༧གོང་ས་མཆོག་བཙན་བྱོལ་ན་ཞུགས་ཡོད་ནའང་། ཁོང་གི་བཀའ་སློབ་ཉན་རྒྱུའི་གོ་སྐབས་ཡོད་པས། ཉིན་ཞིག་ཏན་ཏན་སྐྱིད་པའི་ཉི་མ་ཞིག་ཤར་བའི་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་སྦྲགས། རེ་བ་ཡང་ཤུགས་ཆེར་རྒྱག་གི་འདུག གཉིས་པ། རྒྱ་ནག་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁག་ཅིག་ཆགས་དུས། བོད་ནང་དཔལ་འབྱོར་གྱི་འགྲན་རྩོད་དང་གནོད་ཤུགས་ཆེན་པོས། མི་མང་པོ་ཞིག་དཔལ་འབྱོར་གྱི་རྗེས་སུ་འབྲངས་མཁན་དང་བསམ་མཁན་ལས། བོད་དོན་ལ་དེ་ཙམ་དོ་སྣང་མེད་པ་དང་འདུ་ཤེས་ཟབ་མོ་མེད་པའི་ཚོར་སྣང་སྤྲོད་མཁན་ཁག་ཅིག་འདུག། གསུམ་པ། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་གོ་རྟོགས་ཡོད་པའི་མི་ཁག་ཅིག་འདུག ཁོ་ཚོས་བོད་དོན་དེ་ཁག་པོ་ཞིག་ཡིན་པར་ཤེས་ཀྱི་ཡོད་ཀྱང་། སེམས་ནང་ཉར་ཏེ་ཕྱིར་བཏོན་གྱི་མི་འདུག གལ་སྲིད་བོད་དོན་དེ་ཁག་པོ་ཞིག་རེད་ཅེས་ཕྱིར་བཏོན་ཚེ། མི་མང་པོ་ཞིག་སེམས་ཤུགས་ཆགས་པ་དང་། འཚོ་གནས་ལ་ཤུགས་རྐྱེན་སྤྲད་ཀྱི་རེད་སྙམ་སྟེ། མི་རིགས་ཀྱི་སྐད་ཡིག་དང་རྩ་དོན་ལ་ཤུགས་བརྒྱབ་ཅིང་སེམས་ཤུགས་མ་ཆགས་པར་སྡོན་མཁན་ཁག་ཅིག་འདུག

དྲི་བ། ཁྱོད་རང་བོད་ནང་བསྡད་ཚེ་མྱོང་ཚོར་དམིགས་བསལ་གང་བྱུང་ཡོད་མེད་དང་དཀའ་ངལ་ག་རེ་འཕྲད་སོང་།

ལན། ཐོག་མར་ང་རང་བོད་ལ་བསྐྱོད་དུས། ནང་མི་དང་ལྷན་དུ་འདུག་དགོས་བསམ་པའི་ཚོར་སྣང་ཡོད་ཀྱང་། གནས་སྟངས་མང་པོ་ཞིག་གི་འོག་ནས་བོད་ནང་སྡོད་འདོད་མ་སོང་། རྒྱུ་མཚན་གང་ཡིན་ཟེར་ན། རྒྱ་གཞུང་གི་ངོས་ནས་དམིགས་བསལ་ཀྱིས་གནོད་ཤུགས་དང་དམ་དྲག་སོགས་ཀྱི་དཀའ་ངལ་ང་ལ་གང་ཡང་སྤྲད་མ་སོང་ཏེ། སེམས་པ་རང་བཞིན་གྱིས་གུ་དོག་པོ་ཆགས་འགྲོ་གི་འདུག སྤྱིའི་ཆ་ནས་བཙན་བྱོལ་ནང་ལ་ཆ་མཚོན་ན། ང་ཚོས་ལས་དོན་ཅི་ཞིག་སྒྲུབ་ཀྱང་། གོང་འོག་གི་གཉའ་གནོན་དང་དམ་དྲག་མེད་པར་གུ་ཡངས་དང་རང་དབང་གི་རྣམ་པ་ཡོད་མོད། བོད་ནང་དེ་འདྲ་རེད་མི་འདུག གང་ལགས་ཞེ་ན། བོད་ནང་མི་མང་པོ་ཞིག་ལ་སློབ་སྦྱོང་མེད་དུས །རང་ཉིད་ཀྱི་འཚོ་གནས་སླད་དུ་ལས་དོན་དུ་མ་ཞིག་གཉེར་དགོས་ཀྱི་ཡོད་པ་དང་། ལས་དོན་དེ་དག་ཀྱང་དུས་ཚོད་དུས་ཚོད་མིན་པར་གོང་འོག་ལ་བལྟ་དགོས་པ་མ་ཟད། རང་དབང་གི་སྒོ་ནས་ལས་རྒྱུའི་ཐོབ་ཐང་མི་འདུག བྱས་ཙང་། ཁོ་ཚོའི་ལས་ཀ་བྱེད་ཕྱོགས་དེ་དག་མཐོང་དུས་སེམས་པ་གུ་དོག་པོ་ཆགས་ཡོང་གི་འདུག ཕྱོགས་གཅིག་ནི། བཙན་བྱོལ་ནང་གནད་དོན་ཅི་ཞིག་ལ་དཀའ་ངལ་འཕྲད་ཀྱང་། གནས་ལུགས་དང་རྒྱུ་མཚན་དྲངས་སའི་ཁོར་ཡུག་ཡོད་རེད། བོད་ནང་གནས་སྟངས་འདི་འདྲར་འཕྲད་དུས་གནས་ལུགས་དང་རྒྱུ་མཚན་ཤོད་སའི་ཁོར་ཡུག་མེད་པའི་རྐྱེན་གྱིས། སེམས་པ་རང་བཞིན་གྱིས་གུ་དོག་པོ་ལས་ལྷོད་ཡངས་ཀྱི་རྣམ་པ་གཏན་ནས་ཡོང་གི་མི་འདུག

ལམ་བར་ལ་དཀའ་ངལ་ཟེར་ནའང་། བོད་ནང་གི་གནམ་ཐང་ལ་འབྱོར་དུས་བོད་པ་ཁ་ཤས་ཀྱིས་སྔོག་གཤེར་ཏོག་ཙམ་བྱེད་ཀྱི་འདུག་པ་ལས། དམིགས་བསལ་གྱི་དཀའ་ངལ་དེ་ཙམ་འཕྲད་མ་སོང་། བོད་ནས་ཚུར་ཡོང་དུས། ལྷ་སའི་གནམ་ཐང་བརྒྱུད་ནས་ཡོང་དགོས་ཐུག་སོང་། སྐབས་དེར་ལྷ་སའི་གནམ་ཐང་ལ་བོད་པ་ཡིན་ཕྱིར་ཁོ་ཚོས་ཕྱི་བསྐྱོད་ལག་ཁྱེར་ཡོད་རུང་། ས་ཆ་གཞན་ཞིག་ལ་ཁྲིད་དེས་འདྲི་རྩད་དང་། ཅ་ལག་ཆེ་ཆུང་ལ་མ་ལྟོས་པར་ཅི་ཞིག་ཡོད་ཀྱང་སྔོག་བཤེར་བྱེད་རྐྱང་བྱེད་ཀྱི་འདུག ངེད་ཚོ་ཕྱི་ནས་ཡོང་བ་ཙམ་མིན་པར་བོད་རང་ནས་ཡིན་པའི་བོད་མི་ཚོར་ཕྱི་བསྐྱོད་ལག་ཁྱེར་ཡོད་ཀྱང་། བོད་མི་ཡིན་ཕྱིར་སྔོག་བཤེར་དང་འདྲི་རྩད་འདྲ་མིན་བྱེད་ཀྱི་ཡོད་པ་དེས།  སེམས་པ་གུ་དོག་པོ་དང་བློ་མ་བདེ་བ་ཞེ་དྲགས་ཆགས་སོང་། དེའི་སྟེང་ནས་ངེད་ཚོ་ནི་ཕྱིའི་རྒྱལ་ཁབ་ཀྱི་མི་ཡིན་པའི་ཚོར་སྣང་ཤུགས་ཆེན་སླེབས་སོང་།

དྲི་བ། མཐར་ཁྱོད་ཀྱི་བཅར་དྲིའི་གོ་སྐབས་དེ་བརྒྱུད་ནས་རང་དང་ན་ཚོད་མཉམ་པའི་བོད་ཕྱི་ནང་གི་གཞོན་སྐྱེས་ཚོར་ཤོད་འདོད་པའི་སྐད་ཆ་འདྲ་ཡོད་དམ།

ལན། ང་བོད་ནང་ཟླ་གསུམ་བསྡད་རི་རང་ཉིད་ཀྱི་ཅི་ཞིག་ཚོར་སོང་ཟེར་ན། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ལྟ་རྒྱ་ཐོས་རྒྱུའི་བར་ལ་ཁྱད་པར་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་ཡིན་ན། བོད་ནང་གི་བོད་མི་ལས་ལྟ་རྒྱ་ཐོས་རྒྱ་ཆེ་བ་དང་ས་ཆ་འདྲ་མིན་ལ་འགྲོ་རྒྱུའི་གོ་སྐབས་མང་པོ་ཡོད་རེད། བོད་ནང་གི་བོད་མི་ཚོ་ཡིན་ན། སོ་སོའི་ས་ཐོག་ཏུ་འདུག་པ་ལས། ས་ཆ་གཅིག་ནས་ས་ཆ་གཞན་ཞིག་ལ་འགྲོ་རྒྱུ་ནི། ཧ་ཅང་དཀོན་པོ་དང་རང་དབང་ཡོད་མ་རེད། ལྷག་ཏུ་ངེད་ཚོ་འདྲ་བོར་མཚོན་ན། ཕྱིར་ཡོང་བ་མཉམ་དུ་སོ་སོས་སློབ་སྦྱོང་གང་འཚམ་ཞིག་བྱས་ཏེ། མ་འོངས་པ་ཅིག་བྱེད་དགོས་རྒྱུའི་འགན་ཁུར་ཆེན་པོ་ལེན་གྱི་ཡོད། ཐ་ན་ཟླ་བ་གཅིག་གི་ཁང་རིན་དང་གློག་རིན་བཅས་ཀྱང་། སོ་སོས་དཀའ་ལས་བརྒྱབ་སྟེ་སྤྲོད་ཐབས་བྱེད་དགོས་པ་རེད།
བོད་ནང་འདི་འདྲ་ཡོད་པ་མ་རེད། དཔལ་འབྱོར་མཁོ་སྒྲུབ་བྱེད་རྒྱུ་ལས། ཁང་རིན་གློག་རིན་ནི་མ་རྩའི་ནང་ན་ཡོད་པ་རེད། སོ་སོའི་རྐང་ཐོག་ལངས་ཏེ་ཕ་མའི་དྲིན་ལན་འཇལ་དགོས་ཀྱི་འདུག་སྙམ་པའི་འདུ་ཤེས་ཡོད་མཁན་ཧ་ཅང་དཀོན་པོ་མཐོང་སོང་།  དེ་བཞིན་རང་ཉིད་ཀྱི་ངོ་ཤེས་པའི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་ཡོད། ཁོ་ཚོ་ཡིན་ནའང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ། འདུ་ཤེས་ཟབ་མོ་དང་སེམས་ཚོར་ཆེན་པོ་འདུག འོན་ཀྱང་། ཁོ་ཚོ་འདྲ་བོ་བརྒྱ་ཆེའི་སྒང་ནས་བཤད་ན། ཧ་ཅང་ཉུང་ཉུང་རེད མང་ཆེ་བར་རྒྱའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ལ་དགའ་ཞེན་ཆེན་པོ་ཡོད་ཅིང་། དེ་གཅིག་བྱས་ན། རྣམ་གཡེང་དང་ན་གཞོན་གྱི་དུས་ཚོད་ཡིན་པས་ཡིན་གྱི་རེད། དེའི་ཐོག་ལ་བོད་ནང་གི་གཞོན་སྐྱེས་ཚོས་ངེས་པར་དུ་གཟབ་གཟབ་དང་དོ་སྣང་བྱེད་དགོས་ཀྱི་འདུག ལྷག་ཏུ་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ལ་འབད་བརྩོན་གནང་རྒྱུ་དང་། མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་དགོས་རྒྱུ་ཧ་ཅང་གལ་འགངས་ཆེ། དེ་བཞིན་རང་ངོ་རང་ཤེས་དང་རང་འགན་རང་ཁུར་གྱིས་རང་ཉིད་རང་སྐྱ་འཕེལ་བར་བྱེད་རྒྱུ། དེ་བས་གལ་ཆེན་པོ་རེེད།།
གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན་དང་། ཀུན་དགའ་ཆོས་ལྡན་གཉིས་ཀྱིས་བཅར་འདྲི་བྱས།

 

 

 

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||