སེམ་སང་ཚོང་ལས་ཁང་གི་འགན་འཛིན་གཞོན་པ་བཀག་ཉར།

ཟླ་འདིའི་ཕྱི་ཚེས་༡༧ ཉིན་རོའུ་ཊར་གསར་ཁང་དང་སྦི་སྦི་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ནང་ཁྱབ་རྒྱ་ཆེ་ཤོས་སུ་གྱུར་པའི་ལྷོ་ཀོ་རི་ཡའི་སེམ་སང་(SAMSUNG) ཚོང་ལས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ལིའི་ཇེ་དབྱངས་ཀྱིས། ཁེ་མེད་ཚོགས་པ་གཉིས་ལ་དངུལ་ཞལ་འདེབས་སྤྲད་པ་བརྒྱུད། རྒྱལ་ཁབ་གཞུང་ནས་རོགས་སྐྱོར་ཐོབ་ཐབས་དང་། ཁོའི་དབང་ཆ་རྒྱ་བསྐྱེད་བྱེད་ཐབས་འཐེན་ཡོད་པའི་དོགས་གཞིའི་འོག དེ་རིང་སྔ་དྲོར་ལྷོ་ཀོ་རི་ཡའི་རྒྱལ་ས་སེའུ་འོལ་དུ། མི་གཅིག་འཇུག་སའི་བརྙན་འཕྲིན་གཅིག་དང་རྐུབ་སྟེགས་གཅིག་ཡོད་པའི་བཀག་ཉར་ཁང་ཞིག་ཏུ་བཅུག་ཡོད་འདུག

16809887_1414501421907056_1643996774_nསྐུ་ཞབས་ལིའི་ཇེ་དབྱངས་ཀྱིས་ཨ་སྒོར་ས་ཡ་༣༦ གནས་སྐབས་སྲིད་འཛིན་གྱི་ལས་གནས་མཚམས་འཇོག་དགོས་ཁེལ་ཡོད་པའི་ལྷོ་ཀོ་རི་ཡའི་སྲིད་འཛིན་པག་ཁི་ཡི་བློ་ཐག་ཉེ་བའི་གྲོགས་མོ་ལྕམ་ཆོ་ཡེ་དང་འབྲེལ་བའི་ཚོགས་པ་གཉིས་ལ་ཞལ་འདེབས་སྤྲད་ཡོད་པ་དེ། རྒྱལ་ཁབ་གཞུང་ནས་རྒྱབ་སྐྱོར་ཐོབ་རྒྱུའི་ཆེད་དུ་ཡིན་པའི་སྐྱོན་འཛུགས་འདི་ལོའི་ཕྱི་ཟླ་དང་པོའི་ནང་བྱུང་ཡོད་པ་དང་། སྐབས་དེར་ཁྲིམས་ཁང་གིས་ཞིབ་བཤེར་ཐེངས་དང་པོ་དེ་བྱས་ནས་འཛིན་བཟུང་བྱེད་རྒྱུ་མེད་པའི་ཐག་གཅོད་བྱུང་ཡོད་འདུག་ཀྱང་། སླར་ཡང་བདུན་ཕྲག་འདིའི་ནང་ཞིབ་བཤེར་ཐེངས་གཉིས་པ་དེ་བྱེད་འགོ་བཙུགས་ནས། དེ་རིང་ཁྲིམས་ཁང་གིས་གསར་དུ་རྙེད་སོན་བྱུང་བའི་དཔང་རྟགས་ཡོད་པས། ཁོ་འཇུ་བཟུང་བྱེད་དགོས་པར་ངོས་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

འོན་ཀྱང་། སྐུ་ཞབས་ལིའི་ཇེ་དབྱངས་དང་སེམ་སང་ཚོང་ཁང་གིས་ཁྲིམས་འགལ་གྱི་ལས་ཀ་གཏན་ནས་བྱས་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མི་འདུག

དེ་རིང་ནས་བརྟག་ཞིབ་བྱས་ནས་ནག་ཉེས་འཛུགས་པར་དུས་ཡུན་ཉིན་༢༠ ཡོད་འདུག་ཀྱང་། ཁྲིམས་ལུགས་ཀྱི་ཐོག་ནས་མི་ཞིག་བཀག་ཉར་བྱས་པ་ཙམ་གྱིས་ནག་ཉེས་ཡོད་མེད་ཐག་བཅད་མེད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||