སྲིད་སྐྱོང་ཡུ་རོབ་ཁུལ་དུ་སྐོར་བསྐྱོད་དང་མི་མང་ལ་གསུང་བཤད།

ཟླ་འདིའི་ཚེས་༢༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་སུད་སི་ས་གནས་སུ་རྒྱལ་ཁབ་དེར་གནས་སྡོད་བོད་མི་ཚོར་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་བཙན་བྱོལ་བོད་མིའི་མང་གཙོའི་བརྒྱུད་རིམ་དང་། ད་ལྟའི་གནས་སྟངས། མ་འོངས་ལས་འཆར་སྐོར་སོགས་ལ་གསུང་བཤད་གནང་ཡོད་པ་རེད།

ཐེངས་འདིར་སྲིད་སྐྱོང་གིས་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཧྥ་རན་སི་དང་སྦེལ་རྗམ། སུད་སི་བཅས་ཀྱི་ནང་གཟིགས་སྐོར་གནང་སྐབས། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མི། སྦེལ་རྗམ་གྱི་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་དང་། ས་གནས་ཁག་ཏུ་གནས་སྡོད་བོད་མི་ཚོར་གསུང་བཤད་གནང་ཡོད་པ་རེད། ཨ་རིའི་དོན་གཅོད་ལས་གནས་ནས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་འཕོ་འགྱུར་བཏང་བར། ངོ་རྒོལ་བྱེད་མཁན་ཁག་ཅིག་ཀྱང་སྲིད་སྐྱོང་ཕེབས་སའི་ས་གནས་ཁག་ཏུ་ཡོང་གི་ཡོད་པ་རེད།

ཟླ་འདིའི་ཚེས་༢༨ ཉིན་སྲིད་སྐྱོང་གིས་སུད་སིར་གནས་སྡོད་བོད་མི་ཚོར་གསུང་བཤད་གནང་སྐབས། ༸གོང་ས་མཆོག་ཕྱི་ལོ་༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གསོལ་སྩལ་མཛད་པའི་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་དང་། བོད་མི་མང་ཚོགས་རྣམས་ཀྱིས་མང་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་ཐུབ་ཆེད་འོས་བསྡུ་སོགས་མང་གཙོའི་ཐོབ་ཐང་ཙམ་མ་ཟད་ལས་འགན་ཡང་འཁྱེར་དགོས་གལ་སྐོར་སོགས་གསུངས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་སུད་སིར་གནས་སྡོད་བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་༢༠ ལྷག་རིང་སྲི་ཞུ་སྒྲུབ་མཁན་ཁག་གཅིག་ལ་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས། ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་མི་གཞོན་སྐྱེས་ཚོས་ཀྱང་མིག་དཔེ་ཡར་བལྟ་བྱས་ནས་བོད་མིའི་སྒྲིག་འཛུགས་ནང་གང་ཐུབ་ཕྱག་ལས་གནང་ཐབས་དང་། ལྷག་པར་Tibet Corps བརྒྱུད་ནས་དེ་ལྟར་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཡོད་སྐོར་གསུངས་ཡོད་པ་རེད། དེ་བཞིན་བོད་མི་གཞོན་སྐྱེས་ཚོས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་མདུན་བསྐྱོད་ཡོང་སླད་ཕྱར་གྲུ་མཉམ་འདེགས་ཞུ་དགོས་སྟབས་ཐོག་མར་རང་ཉིད་བོད་མི་ཚད་ལྡན་ཞིག་ཡོང་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། དེའི་ཁར་ཕྱིའི་རྒྱལ་ཁབ་ཀྱི་ཤེས་བྱའི་རྣམ་གྲངས་ཐོག་མཐོང་རྒྱ་ཐོས་རྒྱ་ཙམ་མ་ཟད་ཉམས་མྱོང་ཇི་ཙམ་བསགས་ཐུབ་པ་དེ་ཚོད་ཀྱིས་རྒྱན་དུ་འགྱུར་རྒྱུ་ཡིན་པ་ལས། རང་ཉིད་ཤ་ཁྲག་ཙམ་ལས་གཞན་བོད་མི་ཡིན་པའི་ཁུངས་སྐྱེལ་གང་ཡང་མེད་པ་ཞིག་ཆགས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་ཡིན་པར་བརྟེན་གཞོན་སྐྱེས་ཚོས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ་དག་མི་ཉམས་རྒྱུན་འཛིན་ཐུབ་དགོས་པ་ཧ་ཅང་གལ་ཆེ་ཡིན་སྟབས་གཟའ་མཇུག་སློབ་གྲྭ་སོགས་བརྒྱུད་ནས་བོད་སྐད་དང་བོད་ཡིག་ལ་ངེས་པར་དུ་སྦྱང་བརྩོན་གནང་རོགས་ཞེས་འབོད་སྐུལ་ཡང་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||