ཨ་རིའི་གསང་བའི་དམག་སྦྱོང་སྤྲོད་སར་ཆུ་སྒང་དུས་དྲན་སྲུང་བརྩི།

ཟླ་འདིའི་ཚེས་༢༨ ཉིན་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཞི་བྱང་ཨ་རིའི་ཁུལ་དུ་ཕྱོགས་བསྐྱོད་བཞིན་པ་དང་སྟབས་བསྟུན། ཁོང་ཚོས་ཨ་རིའི་གྲོང་ཁྱེར་ཁོ་ལ་ར་དྷོའི་ཀེམ་ཧིལ་ཞེས་པའི་ས་གནས་དངོས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ནས་མི་ལོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

16409992_10212333982769778_19291487_oསྐབས་དེར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་གཙོས་རྒྱུན་ལས་ཁག་གཅིག་དང་། དབུས་རྒྱུན་ཚོགས་གཙོ་ཟུར་པ་དང་ས་གནས་ཀྱི་གནད་ཡོད་མི་སྣ་༣༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད། དུས་དྲན་སྲུང་བརྩིའི་ཐོག་༸གོང་ས་མཆོག་དང་། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་རྣམ་གཉིས་ཀྱི་སྐུ་པར་ལ་མཇལ་དར་སྒྲོན་རྗེས། བསང་གསོལ་བཏང་ཡོད་པ་རེད། དེ་ནས་དབུས་རྒྱུན་ཚོགས་གཞོན་ཚེ་རྡོར་གྱིས་མཛད་སྒོ་དབུ་འཛུགས་ཀྱི་གསུང་བཤད་སྐབས། ས་གནས་འདི་ལ་དུས་དྲན་སྲུང་བརྩི་བྱེད་ཐུབ་པ་འདི་ང་ཚོ་ཆུ་སྒང་ཚོགས་པ་ཙམ་མ་ཡིན་པར་བོད་མི་རིགས་འདིའི་ལོ་རྒྱུས་ཀྱི་ལེའུ་གལ་འགང་ཆེ་ཤོས་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་།

དྲུང་ཆེ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་ས་གནས་འདིར་ཆུ་སྒང་གི་དཔའ་རྒོད་ཚོར་ཨ་རིས་གསང་བའི་དམག་སྦྱོང་སྤྲད་ནས། ཁོང་ཅག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་བློས་གཏོང་བྱས་པར་བརྒྱུད་ད་ལྟའི་བོད་དང་བོད་ཀྱི་མི་རབས་གསར་པ་འདི་འཛམ་བུ་གླིང་ན་དགྲ་བོའི་ཁ་གཏད་དུ་ལངས་ཐུབ་པ་བྱུང་ཡོད་ལ། ༸གོང་ས་མཆོག་གིས་གཙོས་རིས་མེད་སྐྱེས་ཆེན་ཁག་རང་དབང་གི་ཡུལ་དུ་གདན་ཞུས་ཐོག་རང་གཞུང་ལ་ལེགས་སྐྱེས་རྒྱ་ཆེན་ཕུལ་ཐུབ་ཡོད་པ་རེད། དེ་བཞིན་ངེད་ཚོས་དཔའ་རྒོད་ཁོང་ཅག་ལྟ་བུའི་རླབས་ཆེན་གྱི་ལས་དོན་སྒྲུབ་མ་ཐུབ་རུང་ཁོང་ཚོའི་སྙིང་སྟོབས་ལ་གུས་འདུད་དང་ཁོང་ཚོའི་སེམས་ཀྱི་རེ་སྨོན་དང་། གཡུལ་ས་ན་གཤེགས་པའི་ཕྱི་མིག་དེ་དག་ལ་རྒྱུ་འབྲས་ཡོད་པ་ཞིག་བྱ་ཐུབ་དགོས་པས་མ་ཚད། ཁོང་ཚོའི་དམིགས་ཡུལ་དང་རེ་བ་དེ་དག་སྙིང་ལ་འཆང་ཐུབ་དགོས་པའང་གལ་ཆེན་གྱུར་ཡོད། དུས་དྲན་འདི་དང་དཔའ་རྒོད་ཁོང་ཅག་ལ་རྗེས་དྲན་བྱ་དགོས་པ་འདིའང་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་གྱུར་ཡོད་ལ། འདི་ཆུ་བཞི་སྒང་དྲུག་གཅིག་པུ་ཙམ་མིན་པ་བོད་མི་ཚང་མས་ངོས་ཟིན་ཐུབ་དགོས་ཚུལ་སོགས་དང་། དེ་བཞིན་གོ་སྒྲིག་གནང་མཁན་དང་།  མཛད་སྒོ་དེར་འདུ་འཛོམས་གནང་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུས་ཡོད་པ་རེད། སྐབས་དེར་ཁོ་ལ་ར་དྷོ་རུ་ས་གནས་ཆུ་སྒང་གསར་འཛུགས་བྱེད་མཁན་གྱི་མི་སྣ་བསྐོ་བཞག་བྱས་པ་སོགས་ལས་དོན་ལེགས་གྲུབ་ཐོག་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་བཞི་ཨ་རིའི་ས་གནས་མི་ནི་སོ་ཌར་འཚམས་གཟིགས་གནང་ནས་ས་རྒྱུན་གསར་འདེམས་གོ་སྒྲིག་ཚོགས་ཆུང་བསྐོ་བཞག་དང་། དེ་རྗེས་ཀ་ལ་ཧྥོ་ནི་ཡར་འཚམས་གཟིགས་སྐོར་སྐྱོད་ཕེབས་ནས། ཆུ་སྒང་ས་རྒྱུན་སྐབས་བཞི་པ་འོས་བསྡུའི་ལམ་ནས་བསྐོ་བཞག་ཞུས་པ་སོགས་ཀྱི་ལས་དོན་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||