དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་ལས་འགུལ་སྤེལ་རྒྱུ།

རྒྱུ་ཡིན་སྐོར་གསུངས་སོང༌། དེའི་སྐབས་འདི་གའི་གསར་འགོད་པས་ཁོང་ཚོར་དྲི་བ་ཞུས་པ་ཁག་ཅིག་ཟུར་འདོན་བྱས་པ་ཡིན། དྲི་བ། བོད་གཞུང་གི་སྲིད་བྱུས་དང་མི་མཐུན་པའི་སྐད་འབོད་བྱས་ན། བོད་དོན་ལ་གནོད་པ་ལས་ཕན་གྱི་མི་འདུག་གསུངས་འདུག  བོད་ཕྱི་ནང་གཉིས་ནས་རང་བཙན་དགོས་ཀྱི་ཡོད་ཅེས་སྐད་འབོད་སྔོན་མ་བྱས་པ་རེད། མ་འོངས་པར་ཡང་བྱེད་མདོག་རེད། དེ་ཡིས་སྔོན་མ་ག་རེད་གནོད་ཡོད་པ་རེད། མ་འོངས་པ་ག་རེ་གནོད་ཀྱི་རེད།

སྨན་པ་མཁྱེན་རབས་ལགས་ཀྱི་ལན། ང་རང་ཚོའི་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་རེད། དམིགས་བསལ་ཚོགས་ཆེན་ཐོག་གཞིས་བྱེས་གཉིས་ཀྱི་མི་མང་གིས་བསམ་ཚུལ་སྤུངས་ནས། བརྒྱ་ཆ་དགུ་བཅུ་ལྷག་གིས་དབུ་མའིལམ་བོད་ཀྱི་རྩ་དོན་བསྒྲུབ་ཆེད་ལ་བཞག་ཡོད་པ་རེད། དེ་སྒྲུབ་ཐབས་ལ། ང་རང་ཚོས་ལས་འགུལ་ཡང་སྲིད་བྱུས་དེ་དང་མཐུན་པ་ཞིག་སྤེལ་ཐུབ་ན། གཞུང་མང་གིས་བཞག་པའི་གྲོས་ཆོད་རེད། སྲིད་བྱུས་རེད། ང་ཚོ་མི་མང་གི་དཀའ་ལས་བརྒྱབ་པའི་ནུས་པ་དེ་གཅིག་གྱུར་གྱི་གྲུབ་འབྲས་ཤིག་ཐོན་ཐུབ་རྒྱུ་རེད། དེ་འདྲའི་ཐོག་སྐད་འབོད་བྱེད་ཐུབ་ན་ཁེ་ཕན་ཆེན་པོ་ཡོང་གི་འདུག སྲིད་བྱུས་དང་ལངས་ཕྱོགས་འདི་འདྲ་ཞིག་གི་ཐོག་བཞག ལས་འགུལ་སྤེལ་སྐབས་རང་བཙན་དགོས་བཤད་ན། རང་བཙན་དགོས་པ་དེ་རྩ་བའི་ང་རང་ཚོའི་ཐོབ་ཐང་རེད། དེ་ནོར་འདུག་ཟེར་གྱི་ཡོད་པ་མ་རེད་མོད། རྒྱ་དོགས་པས་ཕུང་ཟེར་བ་རེད། རྒྱ་ནག་གིས་གཞུང་དང་ྋསྐྱབས་མགོན་རིན་པོ་ཆེ་དེ་འདྲ་ཞིག་རེད་དེ། རྒྱ་ཆེའི་མི་མང་གིས་རང་བཙན་རྩོད་ཀྱི་འདུག་ཟེར་བ་ཞིག་ཀྱང་བཤད་ཡོང་གི་ཡོད་པ་རེད། དེ་འདྲ་ཡང་རྒྱུ་མཚན་ལ་ཁྱེར་ནས་སྔོན་མ་ཡང་མཚམས་འཇོག་པ་གསུམ་ཟེར་བ་དེ་འདྲ་བཤད་པ་རེད། ང་རང་ཚོས་བཞག་པའི་སྲིད་བྱུས་ལངས་ཕྱོགས་དེ་གྲུབ་འབྲས་ཐོན་པ་ཞིག་དགོས་ཀྱི་ཡོད་ན། ལས་འགུལ་ཡང་དེ་འདྲ་སྤེལ་ན་ནུས་པ་ཞིག་ཐོན་ཐུབ་པའི་ཁེ་ཕན་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས། འབོད་སྐུལ་བྱེད་ཀྱི་ཡོད་པ་རེད། བྱེད་ཆོག་གི་མ་རེད་ཟེར་ནས་བཀའ་གཏོང་རྒྱུ་ཡོད་པ་མ་རེད། ད་ལྟ་བར་དུ་དབུ་མའི་ལམ་གྱི་ཐོག་ནས་དམིགས་བསལ་གྱི་སྐད་འབོད་དེ་འདྲ་བྱེད་ཐུབ་ཡོད་པ་མ་རེད་ལ། བྱེད་ཀྱི་ཡང་ཡོད་པ་མ་རེད། ན་ནིང་ནས་ང་ཚོས་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་རྒྱལ་དར་མེ་བསྲེག་བཏང་བ། རྒྱ་མི་ལ་ངོ་རྒོལ་ཡོད་སྐོར་བརྗོད་སྐབས། ང་ཚོས་འཐབ་རྩོད་དེ་དམར་པོའི་གཞུང་དང་ཡིན་པ་ལས། རྒྱ་ནག་མི་རིགས་མ་རེད། རྒྱ་མི་ཟེར་ནས་བཤད་བསྡད་ན། རྒྱ་མི་རིགས་ལ་དོ་ཕོག་འགྲོ་བ་དང༌། བོད་པའི་ཐོག་ལ་མ་དགའ་བ་ཆགས་ཡོང་སྐབས། དེ་ང་ཚོའི་སྐད་འབོད་ཀྱི་ལམ་ཁ་ནོར་ཉེན་འདྲ་ཆགས་ཡོང་གི་འདུག དེ་འདྲ་བྱེད་མཁན་ཚོས་དམིགས་ཡུལ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རེད་མོད། གནད་དོན་གྱི་ཐོག་བསམ་བློ་བཏང་དུས་ཁ་ཕྱོགས་ཏག་ཏག་བསྡད་མ་བསྡད་ཡོང་སྡོད་ཀྱི་འདུག དེ་ལ་བརྟེན་ནས། ང་ཚོས་ཆེད་དུ་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་ལ་བསམ་བློ་བཏང་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་པ་ཆགས་འདུག་བསམ་ནས་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད།

དྲི་བ། བོད་པས་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གི་ཡིག་ཆ་དེ་རྒྱ་ནག་གིས་འགྲིག་འདུག་མོད། འདིའི་རྒྱབ་ལོག་ཏུ་ཅིག་ཡོད་པ་རེད། མི་མང་གིས་རང་བཙན་སྐད་འབོད་བྱེད་ཀྱི་འདུག་ཅེས་བརྗོད་ཡོད་པ་མ་རེད། ཡིག་ཆ་དེ་འགྲིག་འདུག་ཟེར་གྱི་ཡོད་ན། རང་བཙན་སྐད་འབོད་ཁ་གཡར་ས་འདྲ་ཆགས་སྲིད་མོད། དེ་འདྲ་མ་རེད། ཡིག་ཆ་དེ་ཡང་ཁས་ལེན་བྱེད་ཀྱི་མེད་པས་དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

སྨན་པ་མཁྱེན་རབས་ལགས་ཀྱི་ལན། དེ་རྒྱ་ནག་གཞུང་གི་སྐད་ཆ་རེད། ཁས་ལེན་གྱི་ཡོད་པ་མ་རེད། རྣམ་པ་འགྱུར་བའི་རང་བཙན། ཕྱེད་རང་བཙན་བཤད་སྡོད་ཀྱི་ཡོད་པ་རེད། ང་ཚོས་རྒྱ་མི་རིགས་ལ་ཕོག་ཐུག་མི་འགྲོ་བའི་ལས་འགུལ་སྤེལ་དགོས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཡག་པོ་དང་དྲང་བདེན་མ་བྱས་པས་ང་ཚོས་ལས་འགུལ་སྤེལ་དགོས་པ་ཆགས་ཀྱི་ཡོད་པ་རེད། ཁོང་ཚོའི་དེ་འགྲིག་གི་ཡོད་ན་ང་ཚོས་ལས་འགུལ་སྤེལ་དགོས་དོན་ཡོད་པ་མ་རེད། རྒྱ་ནག་གཞུང་ལ་ང་ཚོས་ཕོག་ཐུག་གཏོང་རྒྱུ་དང༌། སུན་པོ་བཟོ་རྒྱུའི་ལས་འགུལ་སྤེལ་དགོས་པ་དེ་ང་ཚོའི་ལས་འགན་ཆགས་བསྡད་ཡོད་པ་རེད། རྒྱ་ནག་གཞུང་དང་མི་རིགས་གཉིས་ལོགས་སུ་བཀར་དགོས་ཀྱི་འདུག

དྲི་བ རྒྱ་མི་རིགས་ལ་འཁོན་འཛིན་བྱེད་ཀྱི་མེད་སྐོར་གསུངས་འདུག བོད་ཀྱི་ས་ཆ་རྒྱ་མི་རིགས་ཀྱིས་བཟུང་བསྡད་ཡོད་པ་རེད། རྒྱ་མི་རིགས་ཀྱིས་བོད་ལ་དབང་བསྒྱུར་བ་ཞིག་རེད། དབང་འཛིན་པ་གཅིག་གཉིས་ཙམ་མ་རེད། བོད་མིའི་ངོས་ནས་བོད་ས་འཇུས་བསྡད་ཡོད་མཁན་ཚོར་འཁོན་འཛིན་མི་བྱེད་པར་བྱང་ཆུབ་སེམས་སྒོམ་ཐུབ་ཀྱི་རེད་དམ།

སྤྱི་འཐུས་ཟླ་བ་ཟླ་བ་ཚེ་རིང་ལགས་ཀྱི་ལན། སྡང་ཟུག་མེད་པ་དང་འཁོན་འཛིན་མེད་པ་ཟེར་དུས། རྒྱ་མི་མཁས་པ་མང་པོས་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ། བོད་གཞུང་གི་སྲིད་བྱུས་དབུ་མའི་ལམ་ཡག་པོ་ཡོད་པའི་རྩོམ་ཡིག་མང་པོ་འདོན་གྱི་ཡོད་པ་རེད། མི་རིགས་ཀྱི་འཁོན་འཛིན་ཡིན་ན་ཁོང་ཚོས་དེ་ཚོ་འདོན་དགོས་དོན་ཡོད་པ་མ་རེད། རྒྱ་མི་རིགས་ནང་ནས་ང་ཚོར་རྒྱབ་སྐྱོར་ཡོང་སྐབས། ང་ཚོས་མི་རིགས་ཤིག་དང་མཉམ་དུ་སྡོད་ཀྱི་ཡིན་ཟེར་ས་དེར། འཁོན་འཛིན་དང་སྡང་ཟུག་བྱེད་ཀྱི་ཡོད་མདོག་བྱས་ན། དོན་དག་དངོས་ལ་གནོད་སྐྱེལ་རྒྱུ་ཆེ་བ་ཡོང་གི་ཡོད་པས། བྱང་ཆུབ་སེམས་དཔའ་ནང་བཞིན་ཡོང་གི་མ་རེད། དེ་འདྲ་ཡོང་ན་ང་ཚོས་ཙག་ཙིག་འདི་འདྲ་བྱེད་དགོས་དོན་ཡོད་པ་མ་རེད་མོད། ཕར་ཕན་པ་བྱས་ན། ཚུར་ཕན་པ་བྱེད་མཁན་ཡང་མང་དུ་ཡོང་གི་རེད་བསམ་གྱི་འདུག  

དྲི་བ། བོད་རྒྱ་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་ཞེས་འཕྲེད་དར་བཟོ་དགོས་གསུངས་སོང༌། དམིགས་བསལ་ཚོགས་ཆེན་ཐོག་བོད་རྒྱ་ཞི་མོལ་འཚམས་འཇོག་དགོས་སྐོར་བརྗོད་ཡོད་པ་རེད། ཁྱེད་ཚོའི་འཕྲེད་དར་དེ་དང་མཐུན་གྱི་ཡོད་དམ།

སྨན་པོ་མཁྱེན་རབས་ལགས་ཀྱི་ལན། རྒྱ་ནག་གིས་འབྲེལ་མོལ་ཞིག་བྱས་བསྡད་པ་རེད་མོད། དོན་ཕན་ལྡན་པའི་གྲོས་མོལ་ཞིག་གནང་ཡོད་པ་མ་རེད། ང་ཚོའི་དམིགས་ཡུལ་དེ་དོན་ཕན་ལྡན་པའི་ཞི་མོལ་ཞིག་ང་ཚོར་དགོས་ཀྱི་ཡོད་པ་རེད།

དྲི་བ། བོད་རྒྱ་ཞི་མོལ་ཐེངས་བརྒྱད་ལ་གནང་བ་དེ་གྲུབ་འབྲས་གང་ཡང་མེད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

སྨན་པ་མཁྱེན་རབས་ལགས་ཀྱི་ལན། ཐེངས་མ་བརྒྱད་ལ་བྱས་པ་རེད། མཐའ་མ་དེ་ལ་རྒྱ་མིས་ཁྱེད་རང་ཚོའི་མངོན་འདོད་གང་ཡིན་པ་དེ་ཡིག་ཆ་ཁྱེར་ཤོག་ཟེར་བའི་དུས་ཚོད་ཅིག་ལ་སླེབས་པ་རེད། དེ་ཚོ་གྲུབ་འབྲས་མ་རེད་ཅེས་བཤད་ཐུབ་ཀྱི་མ་རེད། གྲུབ་འབྲས་དངོས་གནས་དེ་ཐོན་ཐུབ་ཡོད་པ་མ་རེད། ད་ལྟ་བར་དུ་ཕྱིན་ནས་གནས་ཚུལ་གང་ཡིན་པ་གསལ་པོ་གསལ་རྐྱང་ཆགས་པ་རེད། དེ་ཡང་ཕྱོགས་གཅིག་ནས་གྲུབ་འབྲས་ཤིག་རེད།

དམ་ཆོས་དཔལ་བཟང་ལགས་ཀྱི་ལན། བོད་རྒྱ་ཞི་མོལ་སྐབས་གྲུབ་འབྲས་ཡོད་མེད་སྐོར་དེ། ང་ཚོའི་ངོས་ནས་འཕྲལ་ཕུགས་ཀྱི་གྲུབ་འབྲས་གཉིས་ལ་ལྟ་ཡི་ཡོད། ཕུགས་ཀྱི་གྲུབ་འབྲས་དགོས་འདུན་ངོ་མ་དེ་ད་དུང་བྱུང་ཡོད་པ་མ་རེད། རྒྱལ་སྤྱིའི་ཐོག་ནས་བོད་དོན་དེ་རང་རྒྱལ་གཞན་ཕམ་ཞིག་མ་ཡིན་པར། སོ་སོར་དགོས་པ་དེ་རྒྱ་ནག་གིས་དབང་འོག་ནས་མ་སྤྲད་པ་མ་གཏོགས། ང་ཚོའི་ལ་སྐད་ཆ་བཤད་སྟངས། ལས་འགུལ་སྤེལ་སྟངས་དེ་ཚོའི་ཐོག་ནས་རྒྱུ་མཚན་འདུག་ཟེར་བ་ཞིག་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

གསར་འགོད་གསལ་བསྒྲགས་ནང་འཁོད་དོན། ཕྱི་ལོ་༢༠༠༩ ལོ་ནི་རྒྱ་དམར་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་ཤིང༌། བོད་གཞིས་བྱེས་གཉིས་སུ་གྱར་ནས་བཙན་བྱོལ་དུ་ལོ་ངོ་༥༠ སོང་བའི་ཐབས་སྡུག་གི་དུས་དྲན་ཞིག་འཁེལ་གྱི་ཡོད་པ་དང༌། ལྷག་པར་དུ་སྔར་ལོའི་གསུམ་བཅུའི་དུས་དྲན་༤༩ སྲུང་བརྩི་དང་འབྲེལ་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འདོད་པ་མེད་པ་དང༌། སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་གནང་མཛད་པའི་བོད་རྒྱ་མི་རིགས་གཉིས་ལ་ཕན་པའི་དབུ་མའི་ལན་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་གསལ་པོ་སྟོན་ཕྱིར་བོད་ཆོལ་གསམ་ཁྱོན་ཡོངས་ནས་ཞི་རྒོལ་རླབས་ཆེན་སྤེལ་བར་བརྟེན།  བོད་མི་མང་པོ་ཉེས་མེད་དམར་གསོད་དང༌།  བཙོན་འཇུག  རྡུང་རྡེག་སོགས་མི་སྤྱོད་ལས་བརྒལ་བའི་མནར་གཅོད་བཏང་བར་མ་ཟད།  ད་ལྟའང་ཚད་མཻད་མནར་གཅོད་གཏོང་བཞིན་པའི་འོག་གནས་ཡོད་པ་ཀུན་གྱིས་དགོངས་པར་མངའ་གསལ་ཡིན།  དེ་བཞིན་འདས་པའི་ལོ་༥༠ ནང་རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་བརླག་ཏུ་གཏོང་རྒྱུའི་སྲིད་ཇུས་འདྲ་མིན་འོག་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་རྐྱེན་ལམ་དུ་སོང་བ་བཅས་ཀྱི་ཆེད་དུ།  དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡིད་ཆེས་རྒྱབ་སྐྱོར་ཡོད་མཁན་ཚོས་སྲིད་བྱུས་དང་མཐུན་པའི་རྩ་དོན་སྒྲུབ་ཐབས་ཀྱི་ལས་འགུལ་སྤེལ་དགོས་པ་ནི་དུས་ཀྱི་དགོས་མཁོ་ཞིག་ཡིན་པས།   བོད་མི་ཕྱི་ནང་ཡོངས་ནས་རྣམ་པ་གཅིག་གྱུར་གྱིས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐོག་ལས་འགུལ་སྤེལ་ཐུབ་ན་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དོན་ཕན་ལྡན་པ་ཡོང་ངེས་དང་ རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་པ་ཚོས་ཀྱང་མཐའ་གཅིག་ཏུ་རྒྱབ་སྐྱོར་གང་ལ་གནང་ཕྱོགས་གསལ་པོ་ཆགས་རྒྱུ་དང་ལས་འགུལ་གྱི་ནུས་ཤུགས་རྒྱ་ཆེ་རུ་འགྲོ་རྒྱུ་མ་ཟད། རྒྱ་མི་རིགས་ཚོས་ཀྱང་བོད་ཀྱི་གནད་དོན་འཐབ་རྩོད་དེ་ཁ་ཞེ་གཉིས་མེད་དང་དོན་དངོས་ཐོག་ཁ་བྲལ་གྱི་བྱ་སྤྱོད་ལས་འགུལ་ཞིག་མིན་པར།  འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་སྡོད་མཉམ་གནས་བྱ་རྒྱུའི་བསམཔ་རྣམ་དག་ཡིན་པ་ཤེས་རྟོགས་ཡོང་བ་དང༌། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གསལ་པོར་སྟོན་ཐུབ་པའི་དགེ་མཚན་ལྡན་པ་ཡོང་རྒྱུར་གཙོ་བོར་དམིགས་པ་ཞིག་ཡིན་པས། ལོ་སར་དང་གསུམ་བཅུའི་དུས་དྲན་གྱི་སྐབས་ལས་འགུལ་སྤེལ་ཕྱོགས་གཤམ་གསལ་གཞིར་བཟུང་ཚང་མས་རང་དོན་རང་གཅེས་ཀྱི་ཕྱར་བ་གྲུ་འདེགས་ཡོང་བའི་འབོད་བསྐུལ་གསལ་བརྡར།

ཀ༽  ལས་འགུལ་གྱི་དགོས་འདུན།

      ༡།   ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྤྱིར་ནང་པ་ཡོངས་དང་ཞི་བདེ་ལ་དགའ་བ་རྣམས་ཀྱི་མགོན་དཔུང་དམ་པ་ཉག་གཅིག་ཡིན་པ་དང༌།  བྱེ་བྲག་ཏུ་བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཁོང་ཉིད་ལས་མེད་པ་དང༌། སྔ་ལོར་དམིགས་བསལ་ཚོགས་ཆེན་ཐོག་བསྐྱར་དུ་གཞིས་བྱེས་བོད་མི་ཡོངས་ཀྱིས་མང་གཙོའི་ལམ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དུ་བཀུར་བ་དང༌།   གཉིས་ཕན་དབུ་མའི་ལམ་ལ་བརྟེན་ནས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་གསལ་བོར་བཟོས་པ་ཡིན་པས།  བོད་མི་རིགས་ཀྱི་ཆེད་དུ་ཐག་གཅོད་གང་གནང་བར་མཐའ་གཅིག་ཏུ་ཐེ་ཚོམ་མེད་པར་ཤར་བསྐྱོད་བྱ་རྒྱུ་ཡིན། དེས་ནས་རྒྱ་དམར་གཞུང་ནས་ཀྱང་༧གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་དེ་གཞི་རྩར་བཟུང་ནས་བོད་རྒྱའི་དཀའ་རྙོག་ཞི་མོལ་གྱི་ལམ་ནས་འཕྲལ་དུ་སེལ་དགོས།

    ༢།  མི་ལོ་༥༠ རིང་རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་བརླག་ཏུ་གཏོང་རྒྱུའི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་པ་དང༌།  གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་པ་ལས་རྒྱ་མི་རིགས་ལ་འཁོན་འཛིན་ནམ་ཡང་བྱས་མྱོང་མེད་པའི་གནད་དོན་གསལ་བཤད་བྱ་རྒྱུ།

    ༣།  ༡༩༥༩ ལོ་ནས་ད་བར་བོད་ཆོལ་གསུམ་མི་མང་ཡོངས་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་དོན་དུ་སྒེར་ལངས་བྱས་པར་རྗེས་སུ་ཡི་རངས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང༌།  ད་ལྟའང་རྒྱ་གཞུང་གི་བཙན་གནོན་དྲག་ཤུགས་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པའི་༧ པཎ་ཆེན་རིན་པོ་ཆེའི་གཙོས་བཙོན་འཇུག་བྱས་པ་རྣམས་མྱུར་དུ་གློད་གྲོལ་ཡོང་དགོས་པ།

ཁ༽  འདི་ལོ་ས་གླང་ལོ་གསར་ཚེས་གཅིག་ནས་གསུམ་བར་སྔ་དགོང་གང་རུང་ལ་ས་གནས་སོ་སོའི་མི་མང་རྣམས་ཆུ་ཚོད་གཉིས་རིང་གདུང་སེམས་མཉམ་སྐྱེད་ཀྱི་དགེ་བསྐུལ་མཆོད་འབུལ་སྨོན་ལམ་རྒྱ་གང་ཆེ་གནང་རྒྱུ། 

ག༽  བོད་མིས་གཙོས་རྒྱ་མི་རིགས་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་བཅས་ཡོངས་ལ་ལས་འགུལ་ངོ་སྤྲོད་དང་ས་གནས་སོ་སོར་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་གཤམ་གསལ།

༡།  དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་དགོས་འདུན་བཏོན་པའི་འབོད་ཚིག་ཁག་གི་འཕྲེང་དར་དང༌།  འདུ་འཛོམས་ཆེ་སར་གྱང་སྤྱར་སོགས་འགྲེམས་སྤེལ་བྱ་རྒྱུ།

༢།   སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་དང་ལྷག་པར་དུ་སྔ་ལོའི་གསུམ་དུས་སྐབས་འཛིན་བཟུང་དང་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་རེ་འདུན་འགྲུབ་ཆེད་དང༌། བོད་རྒྱ་མི་རིགས་གཉིས་ལ་སྤྱི་སྙོམས་ཀྱི་རང་དབང་ཐོབ་ཐང་གང་མྱུར་ཐོབ་ཆེད་སྔ་དྲོ་ཕྱག་ཚོད་༩ ནས་དགོང་དྲོ་ཕྱག་ཚོད་༨ བར་ཆུ་ཚོད་ ༡༢ རིང་ཟས་བཅད་ཞི་རྒོལ་གནང་རྒྱུ་དང༌།  དེ་ཉིན་ཟས་བཅད་ཀྱི་དོད་ཉུང་མཐར་མི་རེར་སྒོར་ ༢༠ རེ་རྩིས་ཏེ་བློས་བཅད་ཞལ་འདེབས་བྱུང་བ་རྣམས་མ་འོངས་ལས་འགུལ་ཆེད་བོད་གཞུང་བཀའ་ཤག་ལ་འབུལ་རྒྱུ།

༣༽   དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་སྐད་འབོད་གནང་རྒྱུ་མང་ཚོགས་ལ་རྒྱུས་མངའ་མེད་སྟབས། དབུ་མའི་ལམ་གྱི་སྲིད་ཇུས་དང་མི་མཐུན་པའི་སྐད་འབོད་འདྲ་མིན་གནང་ཚེ།  རང་རེའི་རྩ་དོན་ལ་ཕན་རྒྱུ་ལས་གནོད་གཞི་ཡོང་ངེས་ཡིན་པས།  དགོས་འདུན་དང་སྐད་འབོད་ཀྱི་འཕྲེད་དར།  གྱང་སྤྱར་ཤོག་ལྷེ་སོགས་ལ་བྲིས་ནས་ལས་འགུལ་སྤེལ་རྒྱུ།

༤།   མང་ཚོགས་ཀྱིས་བོད་མིའི་འཐབ་རྩོད་དེ་རྒྱ་ནག་གཞུང་གི་ཁྲིམས་ནང་གསལ་ལྟར་རང་དབང་ཐོབ་ཐང་རྩེད་ཀྱི་ཡོད་པ་ལས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཁ་བྲལ་བྱ་རྒྱུའི་ལས་འགུལ་སྤེལ་གྱི་མེད་ཅིང༌།  ལྷག་པར་དུ་རྒྱ་མི་རིགས་ལ་སྡང་ཟུག་དང་འཕོག་ཐུག་གཏོང་བའི་ལས་འགུལ་དེ་བས་ཀྱང་སྤེལ་གྱི་མེད་ན།  དྲང་བདེན་དང་རང་དབང་ལ་དགའ་བའི་རྒྱ་ནག་མི་མང་ཡོངས་ཀྱིས་ཀྱང་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་མཉམ་རུབ་དང་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཡི་གེ་རེ་ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་བརྒྱུད་གཏོང་ཐབས་གནང་རྒྱུ།

༥།   མང་ཚོགས་ལ་བོད་རང་བཙན་ཡིན་པའི་དོན་དངོས་ལོ་རྒྱུས་ཁག་དང༌།  མ་འོངས་བོད་ཀྱི་ཆབ་སྲིད་གནས་བབས།  སྔར་ལོའི་དམིགས་བསལ་ཚོགས་ཆེན་སྐབས་མང་ཚོགས་ཀྱི་མངོན་འདོད་གསལ་སྟོན་བྱུང་བ།  ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་གྲོས་ཚོགས་སུ་གནང་བའི་གསུངས་བཤད།  དེ་བཞིན་སྐུ་ཚབ་ཐེངས་བརྒྱད་པའི་སྐབས་རྒྱ་དམར་གཞུང་ལ་བོད་མིའི་མཐའ་མའི་མངོན་འདོད་གང་ཡིན་གྱི་ཡིག་ཆ་སྤྲད་པ་བཅས་ཀྱི་སྐོར་མང་ཚོགས་ལ་གཏམ་བཤད་དང་བརྒྱུད་ལམ་ཁག་ལ་གསར་སྤེལ་བརྒྱུད་བསྒྲགས་གནང་རྒྱུ།

༦།   སྤྱིར་འཇིག་རྟེན་ཁམས་འདིའི་འཁྲུགས་རྩོད་དང༌།  ལྷག་པར་དུ་རྒྱ་དམར་གཞུང་འཛིན་པ་ཚོའི་མ་རིག་མུན་པ་བསལ་ཐབས་དང༌།  བོད་རྒྱ་མི་རིགས་ཀྱི་འཕྲལ་ཕུགས་བདེ་དོན་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་མཐའ་དག་འབད་མེད་ལྷུན་འགྲུབ་གྱིས་འགྲུབ་ཕྱིར་དགོང་མོ་ཆུ་ཚོད་༦།༣༠ ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ།

ང་༽  ལས་འགུལ་འགོ་འཛུགས།

གསུམ་བཅུའི་དུས་དྲན་ཉིན་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས་མི་མང་གི་ལས་འགུལ་དེ་འགོ་འཛུགས་གནང་རྒྱུ།

Share this:
༨༥ ཀློག་གྲངས།