ཤི་ཡང་རྣམ་ཤེས་དེ་བོད་ལ་སླེབས་པར་ཤོག

langtsa_delekགླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་དོན་འཐབ་རྩོད་ཆེད། དྷ་ས་ནས་བོད་བར་འགྲོ་འཆར་གྱི་གོམ་བགྲོད་བྱས་ཏེ། ཕྱི་ཚེས་༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་རེད་འདུག

ཁོང་མ་བུ་གསུམ་ཕྱི་ཟླ་༣ པའི་ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་སྐབས། ལྡི་ལི་བསམ་ཡས་གླིང་གཞིས་སྒེར་གྱི་ས་གནས་བོད་མི་ཚོས་སྣེ་ལེན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། “ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་བྱས་ཏེ། langtsa_delek1ཁོང་ཚོའི་རེ་བ་དེ་འཛམ་གླིང་འདིའི་སྒང་དུ་སྟོན་ཐུབ་པ་དང་། དེ་བཞིན་བསྒྲུབ་ཐུབ་པའི་ཆེད་རང་དབང་ལུང་པར་ཡོད་པའི་བོད་མི་ཞིག་ཡིན་པའི་ཆ་ནས། བོད་རྒྱལ་ཁབ་ཀྱི་འཐབ་རྩོད་དེ་གཞུང་དང་ཚོགས་པ་ཁག་གཅིག་པུའི་ལས་འགན་དུ་བཞག་པ་མ་ཡིན་པར། བོད་མི་མི་རེ་ངོ་རེ་ལ་རྩ་དོན་འཐབ་རྩོད་ཀྱི་ལས་འགན་ཡོད་པ་ལྟར། རང་ངོས་ནས་འགན་དེ་ཁུར་ནས་ལས་འགུལ་འདིའི་འགོ་བརྩམས་པ་ཡིན”་ཞེས་དང་། ཡང་ཁོང་གིས་“ལས་འགུལ་འདིར་དཀའ་ངལ་རྒྱུན་མ་ཆད་པར་འཕྲད་ཀྱི་ཡིན་པ་ཤེས་ཀྱི་ཡོད། ཡིན་ན་ཡང་དཀའ་ངལ་དེ་དག་ལ་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། མ་ཤི་བར་ལས་འགུལ་འདི་མུ་མཐུད་བྱ་རྒྱུ་དང་། གལ་ཏེ་ལམ་བར་ནས་ཤི་བ་ཡིན་ན་ཡང་རྣམ་ཤེས་དེ་བོད་ལ་སླེབས་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད”་ཅེས་བརྗོད་ཡོད་པ་རེད།

གླིང་ཚེ་བསྟན་རྡོ་རྗེ་དང་། སྲིང་མོ་ལྷ་མོ་སྐྱིད། ཁོང་གཉིས་ཀྱི་ཨ་མ་ལྡོམ་པ་སྐྱིད་གསུམ་གྱིས་གསུམ་བཅུ་དུས་དྲན་ཉིན་ལས་འགུལ་འདིའི་འགོ་བརྩམས་ཏེ། གོམ་བགྲོད་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཉིན་གྲངས་༢༢ འགོར་ཡོད་པ་རེད། ལྡི་ལི་ནས་བལ་ཡུལ་ས་མཚམས་བར་ཀི་ལོ་མེ་ཏྲར་༨༠༠་ཙམ་ཡོད་པ་དང་། དུས་ཡུན་ཟླ་བ་༢་ཙམ་འགོར་གྱི་ཡོད་འདུག

http://www.tibetexpress.net/bo/home/2010-02-04-05-35-27/7716-2012-03-12-03-43-27

Share this:
༢༩ ཀློག་གྲངས།