རྒྱ་ནག་གི་སྲིད་འཛིན་ལ་སྤྲིངས་པའི་འཕྲིན་ཡིག་ཅིག

བརྩེ་བའི་སྲིད་འཛིན་ཧུའུ་ཅིན་ཐའོ་ལགས།
claude_arpiགལ་ཏེ་ཁྱོད་ཀྱིས་འཇིག་རྟེན་གྱི་ཆོས་ཉིད་དང་ལས་དབང་ལ་ཡིད་ཆེས་བྱེད་ཀྱི་ཡོད་ན་ང་རང་དངོས་གནས་ཧ་ལས་ཤིང་ཡ་མཚན་པའི་སྣང་བ་ཞིག་ཡོང་གིན་འདུག ཕལ་ཆེར་ཁྱོད་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རྩ་ཚིག་འདི་བེད་སྤྱོད་གཏོང་མྱོང་མེད་ན་ཡང་།

  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་སྣ་གསུམ་གྱི་ཁོངས་སུ་གང་ཉིད་བདམས་ཐོན་བྱུང་བར་ངོས་ལེན་བྱས་པའི་དུས་དེ་ནས་བཟུང་།   ཁྱོད་རང་གངས་ལྗོངས་ས་མཐོ་དང་འབྲེལ་ཐག་ཤིན་ཏུ་ཉེ་བའི་མི་སྣ་ཞིག་ཏུ་གྱུར་བ་རེད།

སྲིད་བློན་རཱ་ཇེབ་གྷན་དྷི་མཆོག་གིས་རྒྱ་ནག་ལ་ལྟ་སྐོར་དུ་ཕེབས་པའི་(ཕྱི་ལོ་༡༩༨༩ ལོའི་ཟླ་༡༢ ཚེས་༢༣)དྲན་གསོའི་ཉིན་མོ་དེའི་སྔ་ཉིན་དེར། ཏག་ཏག་ཁྱོད་རང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་པ་རེད། དེ་ནི་ཁྱོད་ཀྱི་ཕུགས་བསམ་རིང་མོ་གངས་ལྗོངས་ས་མཐོ་ནས་འཚོལ་བའི་འགོ་ཚུགས་པའི་ལེའུ་ཞིག་ཡིན། ཁྱོད་ཀྱིས་ངེས་པར་དུ་དྲན་དགོས་པ་ཞིག་ལ།     ཉིན་གསུམ་གྱི་སྔ་རོལ་དེར་བློ་མཐུན་ཏིང་ཞོའོ་ཕིན་གྱིས་སྲིད་བློན་རཱ་ཇེབ་གྷན་དྷི་མཆོག་ལ་འཚམས་འདྲི་ཞུ་སྐབས་“ངའི་གྲོགས་པོ་ན་གཞོན་ལགས།   ཁྱོད་རང་གི་འཚམས་འདྲིའི་ལྟ་སྐོར་དེས་ཕྱོགས་གཉིས་ཀའི་འབྲེལ་ལམ་བསྐྱར་གསོ་ཐུབ་པའི་དབུ་འཁྱུད་བྲིས་པ་ཡིན་ལ། ད་ལྟ་ནི་སྔོན་ཆད་ཀྱི་བྱ་བ་སྐྱུག་བྲོ་པོ་རྣམས་སེམས་ཀྱི་གཏིང་ནས་རྦད་དེ་བརྗེད་དུ་བཅུག་ནས་མ་འོངས་པའི་ལམ་ཆེན་ཐོག་མཉམ་དུ་མདུན་སྐྱོད་བྱེད་དགོས་པའི་དུས་ལ་སླེབས་ཡོད་”ཅེས་བཤད་ཡོད།

དུས་རབས་མང་པོ་ཞིག་གི་རིང་ལོ་རྒྱུས་དང་། ཆོས་ལུགས། རིག་གཞུང་བཅས་ཀྱི་རྒྱུ་མཚན་འོག་བོད་དང་རྒྱ་གར་གཉིས་འབྲེལ་བ་དམ་ཟབ་བྱུང་དང་འབྱུང་མུས་ཡིན་ཞིང་།  ཕྱི་ལོ་༡༩༨༨ ལོར་རྒྱ་དཀར་ནག་གཉིས་ཀས་ཟུང་འབྲེལ་གྱི་ཐོག་ནས་ནང་ཁུལ་གྱི་འབྲེལ་ལམ་དེར་ངོས་ལེན་བྱ་རྒྱུའི་གྲོས་དོན་བཞག་ཡོད། འོན་ཀྱང་ཟླ་ཤས་རྗེས་ནས་ལྷ་སར་གྲྭ་བཙུན་ཚོས་འོས་ལངས་བྱེད་འགོ་ཚུགས་པས་ཚོགས་པ་དེས་ཀྱང་བོད་ཀྱི་གནས་སྟངས་ལ་སེམས་འཁྲལ་མི་བྱེད་ཀ་མེད་བྱུང་ཞིང་། ཕྱི་ལོ་༡༩༨༩ ལོའི་ཟླ་༡༢ ཚེས་༡༠ ཉིན་དངོས་སུ་ལྷ་སར་གཞི་རྒྱ་ཆེ་བའི་ཟིང་ཆ་ལངས་པའི་གནས་ཚུལ་ཛ་དྲག་དེ་བྱུང་བ་རེད།  མི་མང་པོ་ཞིག་གི་སེམས་ནང་གལ་སྲིད་གནས་སྟངས་དེ་ཆུ་བོའི་རླབས་ཀྱིས་དེད་པའི་དངོས་པོ་ཞིག་ཡིན་དུ་ཆུག་ན།  རྒྱ་ནག་གིས་ཁ་འཐོར་དུམ་གྱེས་གཏོང་བའི་སུའུ་ལན་གྱི་དམག་བྱུས་དེའི་རྗེས་སུ་འབྲངས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ་དོན་ལ་ཡང་དེ་ལྟར་གནས་པ་ཞིག་ཡིན།  གནས་སྟངས་དེའི་རྐྱེན་གྱིས་ལོ་ན་གཞོན་པའི་ཁྱོད་རང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་གི་དྲུང་ཆེར་བཏང་བ་དང་། ཁྱོད་ཀྱིས་ཀྱང་དུས་ཚོད་ཐུང་ངུ་དེའི་ནང་མདུན་དུ་འཕྲད་པའི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་དང་གྲུབ་འབྲས་བཟང་པོ་ཐོན་ཡོད་པ་ནི་ཆབ་སྲིད་ཅུས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན། ཕྱི་ལོ་༡༩༨༩ ལོའི་ཟླ་དང་པོའི་ཚེས་༡༢ ཉིན་ཁྱེད་རང་གྱེན་ལངས་བྱུང་སའི་ས་ཁུལ་དེར་འབྱོར་ཡོད་ཅིང་། ཉིན་ཁ་ཤས་རྗེས་ཏེ་ཚེས་༢༣ ཉིན་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་པར་བཞུགས་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ལ་འཚམས་གཟིགས་གནང་བར་ཕྱིན་པ་རེད།  ཁོང་ནི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་མཐོ་ཤོས་ཨང་གཉིས་པ་དེ་ཡིན།  སྐབས་དེར་ཁྱོད་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་མཉམ་དུ་སྐུ་གོང་མའི་གདུང་རྟེན་མཆོད་རྟེན་ཞིག་ལ་གཞུང་འབྲེལ་གྱི་ཐོག་ནས་མཆོད་འབུལ་ཡང་བྱས་ཡོད།   འོན་ཀྱང་མི་རྣམས་ཧང་སངས་དགོས་པ་ཞིག་ལ།  མཛད་སྒོ་དེའི་སྐབས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་དམར་ཤོག་ཚོགས་པས་བོད་ལ་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་ལ་རྒོལ་རྡུང་དྲག་པོ་གནང་ཡོད་པས་ཕལ་ཆེར་ཁྱོད་ལ་བཟོད་མི་ཐུབ་པའི་སྡུག་བསྔལ་ཧ་ལས་པ་བྱུང་ཡོད་ཤས་ཆེ།   ཡ་མཚན་པ་ཞིག་ལ་གནས་ཚུལ་དེ་བྱུང་བའི་ཉིན་བཞིའི་རྗེས་སུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གསང་བ་ལྐོག་གྱུར་གྱི་གནས་སྟངས་ཤིག་གི་འོག་འཇིག་རྟེན་འདི་དང་གཏན་དུ་ཞལ་གྱེས་པ་རེད།

ཕྱི་ལོ་༡༩༨༩ལོའི་ཟླ་༣ཚེས་༥ཉིན་ལྷ་སར་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱུང་སྐབས།  ཁྱོད་ཀྱིས་མི་དམངས་བཅིངས་འགྲོལ་དམག་ལ་ཛ་དྲག་གི་གནས་བབས་དེར་སྟངས་འཛིན་བྱེད་དགོས་པའི་བཀའ་ཕབ་ཅིང་། རྗེས་སུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན་སྐབས་དེར་ལྷ་སའི་ཇོ་ཁང་གི་གཡས་གཡོན་ཁུལ་དུ་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་ཡོད་པ་རེད། ཉིན་གསུམ་གྱི་རྗེས་ཁྱོད་ཀྱིས་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོའི་བྱིན་བརླབས་ཀྱི་མངར་ཁའི་འོག བོད་དུ་དམག་གི་རྟེན་གཞི་བཙུགས་པའི་ཐག་གཅོད་བྱས་ཤིང་། གནས་སྟངས་དེ་ལོ་འཁོར་མོ་ཡུག་ཏུ་གནས་པ་མ་ཟད། ཕྱི་ལོ་༡༩༨༩ ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་སློབ་ཕྲུག་སྟོང་ཕྲག་མང་པོའི་གྱེན་ལངས་ཀྱི་དྲུག་བཞིའི་དོན་རྐྱེན་དེར་སྔོན་དཔག་གི་ནང་སྦྱོང་ཐེངས་གཅིག་བྱས་ཡོད། ཁྱོད་ཀྱིས་བོད་ལ་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་དེས་རྒྱ་ནག་གི་འགོ་ཁྲིད་རྒན་རབས་པ་རྣམས་ལ་ཟིང་འཁྲུག་གི་རླབས་རྒྱུན་ཁྲོད་ནས་རྒྱ་ནག་སྲུང་བའི་སེམས་ཤུགས་དང་བློ་རྒྱ་བསྐྱེད་ཡོད།

ཕྱི་ལོ་༢༠༠༢ལོའི་ཟླ་༡༡ནང་ཁྱོད་རང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་བྱས་ཤིང་། མི་མང་པོ་ཞིག་གིས་དེ་ནི་ཁྱོད་ཀྱིས་བོད་ལ་འཛིན་པའི་ཐ་ཤལ་གྱི་ལམ་ལུགས་དེའི་རྒྱབ་དཔུང་ལ་བརྟེན་ནས་ད་གཟོད་རྒྱ་ནག་གི་མི་རབས་བཞི་པའི་མགོ་འཁྲིད་མཐོ་ཤོས་ཤིག་ཏུ་གྱུར་པའི་ཡིད་ཆེས་བྱེད་ཀྱི་ཡོད།  དུས་དེ་ནས་བཟུང་གང་ཉིད་བོད་དོན་ཆེད་ལས་པ་ཞིག་ཏུ་གྱུར་པ་རེད། ཁྱོད་ཀྱིས་གུང་ཁྲན་ཏང་གི་དཔོན་རིགས་ཀྱི་ཞྭ་མོ་དེ་མ་གྱོན་པའི་བདུན་ཕྲག་ཁ་ཤས་ཤིག་གི་སྔོན་ལ།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་པེ་ཅིང་སྲིད་གཞུང་དང་གྲོས་མོལ་གནང་རྒྱུའི་གསར་འགྱུར་དེ་བསྣམས་ནས་ཕེབས་ཀྱང་། དེ་ནི་མི་སྒེར་གྱི་མཇལ་འཕྲད་ཙམ་ལ་བརྩིས་ནས་འགྲེལ་བརྗོད་བྱས་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་རང་ཉིད་ཀྱི་ཕ་ཡུལ་ལ་བྱུང་བའི་འགྱུར་ལྡོག་དེར་གཟིགས་སྐོར་ལ་ཕེབས་པར་བརྩིས་ཡོད།   གོ་སྐབས་དེས་རྒྱ་གར་ནང་གནས་པའི་སྐྱབས་བཅོལ་བོད་མི་ཁྲི་སྟོང་མང་པོར་བཟང་ཕྱོགས་ཀྱི་རེ་བ་བསྐྲུན་ཡོད།

ལོ་གཅིག་གི་ཡར་སྔོན་དེར། སྲིད་འཛིན་ཅང་ཙེ་མིན་གྱིས་བོད་ཀྱི་ཆབ་སྲིད་གནད་དོན་དེ་ལས་གཞི་ཆེན་པོ་བཞི་པའི་ཁོངས་སུ་བཞག་སྟེ། དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཤུགས་ཆེའི་སྐུལ་འདེད་བྱ་རྒྱུའི་འཆར་གཞི་བརྩམས་ཡོད་པ་མ་ཟད། ནང་ཁུལ་ཞི་བདེ་བརྟན་བརླིང་ཡོང་རྒྱུར་དམིགས་སུ་བཀར་ནས་ནུས་ཤུགས་བཏོན་ཡོད། འོན་ཀྱང་ཡར་རྒྱས་དེས་བོད་ནང་བརྟན་བརླིང་ཡོང་རྒྱུའི་འཆར་གཞི་རྩ་བ་ནས་ལེགས་འགྲུབ་བྱུང་མེད་ལ་(ལྷག་པར་དུ་ཕྱི་ལོ་༢༠༠༦ལོར་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོས་པ་ནས་བཟུང་)དེ་ལས་ལྡོག་སྟེ་ཕྱི་ལོ་༢༠༠༨ཟླ་༣དང་༤པའི་ནང་བོད་ནང་ཡང་བསྐྱར་ཟིང་འཁྲུག་བྱུང་བ་རེད། ཟིང་འཁྲུག་དེས་རྒྱ་ནག་གི་ཆབ་སྲིད་ཅུས་ནང་ཡོད་པའི་ཁྱོད་ཀྱི་ལས་རོགས་ཚོར་ཧང་སངས་དགོས་པའི་གཡོ་འགུལ་ཐེབས་ཡོད་པ་མ་ཟད། ཁོ་ཚོར་ཁྱེད་ནང་བཞིན་གྱི་བོད་ལ་རྒྱུས་ལོན་དང་ཤེས་རྟོགས་མེད་པའི་རྐྱེན་གྱིས་ཁོ་ཚོའི་སྒལ་ཚིགས་ལ་ཆག་གྲུམ་ཤོར་ཡོད་ངེས་རེད། 

ཕྱི་ལོ་༢༠༠༢ ལོ་ནས་བཟུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་དབར་གྲོས་མོལ་ཐེངས་དགུ་ཙམ་བྱུང་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ད་བར་གྲུབ་འབྲས་ཅི་གང་ཐོན་མེད་ལ་འབྱུང་འགྱུར་ལ་སྨན་པའི་གཉིས་མོས་ཀྱི་སྤྱི་འགྲོས་ཤིག་ཀྱང་འཇོག་ཐུབ་མེད།  ཁྱོད་ཀྱིས་སྲིད་འཛིན་གྱི་གོ་གནས་བཞེས་པའི་དུས་ཚོད་དེ་དག་གི་རིང་།  རྒྱ་ནག་ཞི་བདེའི་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུ་དང་།  ཚན་རིག་དང་མཐུན་པའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ།  དེ་བཞིན་ནང་ཁུལ་བརྟན་བརླིང་ཡོང་བར་འབད་བརྩོན་བྱ་རྒྱུ་བཅས་རྩ་བའི་དོན་ཚན་ཆེན་པོ་གསུམ་གྱི་ཐོག་ཨུ་ཚུགས་བརྒྱབ་བསྡད་ཡོད།  ད་དུང་ཁྱོད་ཀྱིས་ཞི་བདེ་བརྟན་བརླིང་གི་གནད་དོན་ཐད་ཉེ་ཆར་འཚོགས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཡང་བསྐྱར་གསལ་ཁ་གཏོད་འདུག ཕྱི་ལོ་༢༠༡༠ལོའི་ཟླ་བ་དང་པོའི་ནང་འཚོགས་པའི་བོད་ཀྱི་ལས་དོན་གྱི་འཆར་གཞི་ལྔ་པ་ཞེས་པའི་ཚོགས་འདུའི་ཐོག་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་སུམ་བརྒྱ་ལྷག་ཙམ་དང་། མི་དམངས་བཅིངས་འགྲོལ་དམག་གི་དཔོན་རིགས་དེ་བཞིན་ཆབ་སྲིད་ཅུས་ཨུ་ཡོན་ལྷན་ཁང་གི་འཐབ་གྲོགས་རྣམས་འདུས་ཡོད་ཅིང་།  ཚོགས་འདུའི་སྟེང་ཁྱོད་ཀྱི་བཤད་དོན་“བོད་ཀྱི་ཡར་རྒྱས་དང་བརྟན་བརླིང་ལ་ད་དུང་ཡང་དཀའ་ངལ་དང་འགོག་རྐྱེན་མང་པོ་ཡོད་པ་མ་ཟད།  མདུན་ཕྱོགས་ཀྱི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་རིགས་མང་པོ་ཡོད་པ་རྣམས་ངེས་པར་དུ་ཤེས་རྟོགས་ཐུབ་པ་དགོས།”ཟེར།   བརྟན་བརླིང་ནི་ཁྱོད་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་སྙིང་པོ་ཞིག་ཡིན་ནའང་། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནང་ད་བར་དོན་སྙིང་ལྡན་པའི་གྲུབ་འབྲས་ཞིག་ཐོན་མེད་པ་རེད། དེ་ལས་ལྡོག་སྟེ་ཉེ་བའི་ཟླ་ཤས་ནང་བོད་མི་ཚོས་གཞི་རྒྱ་ཆེ་བའི་རང་ལུས་མེར་སྲེག་ཀྱི་ལས་འགུལ་སྤེལ་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བཀོད་པར་གཞིགས་ན། མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བོད་པའི་སྐུ་ཚབ་ཅིག་ལ་ཆེད་དུ་ཁོག་པ་བརྒྱངས་ཏེ་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཤིང་། གསར་ཞུགས་ཀྱི་ཁོངས་མིའི་ནང་ཆབ་སྲིད་ཀྱི་བློས་འགེལ་ཆོག་པའི་རྒྱལ་ཁབ་ཀྱི་ཉེན་སྲུང་མི་སྣ་མང་པོ་དགོས་པའི་འདུན་པ་བཅངས་ཡོད་ལ། ཐད་ཀར་༧ཏཱ་ལའི་བླ་མ་མཆོག་ལ་རྒོལ་ནུས་པའི་མི་སྣ་སུ་ཡོད་ཅེས་དམར་རྗེན་དུ་བཤད་ཡོད་པ་རེད། ཁྱོད་ཀྱིས་བརྟན་བརླིང་སྐོར་བཤད་སྐབས། ང་ལ་མཚོན་ན་ཁྱོད་ཀྱི་ཆབ་སྲིད་ཀྱི་དམིགས་འབེན་ཡོད་དོ་ཅོག་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་རྒྱུ་དེ་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད། དེ་ཡང་ཀྲུང་གོའི་བོད་ཀྱི་དྲ་རྒྱ་ཞེས་པའི་དྲ་ཚིགས་ནང་“གལ་སྲིད་༧ཏཱ་ལའི་བླ་མས་མི་གཞན་ཚོར་རང་ལུས་མེར་བསྲེག་གཏོང་རྒྱུར་བློ་སྟོབས་སྤེལ་གྱི་ཡོད་ན། ཁོང་རང་ཉིད་མེ་ལ་མི་སྤར་བའི་རྒྱུ་མཚན་ཅི་ཡིན་ནམ།”ཞེས་མི་དམངས་ལ་གླེང་སློང་བྱས་ཡོད།   དེས་ཕན་ཐོགས་ཅི་ཞིག་ཡོད་དམ།

ཕྱི་ལོ་༢༠༠༨ ལོར་བོད་རང་སྐྱོང་ལྗོངས་དམར་ཤོག་གི་དྲུང་ཆེ་ཀྲང་ཆིང་ལིན་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་མཆོག་ལ་“སྤྱང་ལྤགས་གྱོན་པའི་གྲྭ་པ་”ཞེས་མཚན་སྨད་ཞུས་ཡོད་ལ། ཉེ་འཆར་འཇར་པན་གྱི་ནཱ་ཙེ་ལྟ་བུའི་པར་རིས་བྲིས་ཏེ་མང་ཚོགས་ཁྲོད་བཀྲམས་ཡོད་པ་རེད། དེ་ལྟ་བུའི་གདུག་རྩུབ་ཆེ་བའི་ཁྱབ་བསྒྲགས་དེས་བོད་མི་ཚོའི་འཁོན་འཛིན་གྱིས་རྒྱ་གཞུང་གི་དྲག་པོའི་བྱེད་ཐབས་དེར་བཟོད་སྒོམ་ཐུབ་ཀྱི་རེད་དམ། ང་རང་གི་བསམ་ཚུལ་ལྟར་ན་དེའི་ལན་ནི་“མིན་”ཞེས་པ་འདི་ཡིན། ད་ཆ་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་བྱེད་པའི་དུས་ལ་ཐག་ཉེ་བས། བོད་དོན་ཆེད་ལས་པ་ཁྱོད་ཀྱི་ནག་ཉེས་དང་ནོར་འཁྲུལ་རྣམས་རེ་རེ་བཞིན་རྩིས་རྒྱག་རྒྱུར་ངེས་པས། གལ་སྲིད་ཁྱོད་ཀྱིས་གང་མགྱོགས་གནས་སྟངས་དེར་འགྱུར་བ་མ་གཏང་ན། ཁྱོད་ཀྱི་མཚན་སྙན་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་ཀྱི་མུན་ནག་ཁང་ཆེན་ནང་ལྷུང་རྒྱུ་མ་ཟད། བག་ཆགས་དེ་མུ་མཐུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གནས་རྒྱུར་ཐག་ཆོད་པ་རེད། ད་ལྟ་ཁྱོད་ལ་ཟླ་བ་དྲུག་གི་རིང་འགྱུང་བ་གཏོང་བའི་དུས་ཚོད་ལྷག་ཡོད།  

ཉིན་ཞིག་ཁྱོད་རང་སྒེར་ངོས་དང་༧ཏཱ་ལའི་བླ་མ་མཆོག་གཉིས་མཇལ་འཕྲད་བྱུང་སྟེ་གྲོས་མོལ་བྱེད་པའི་གོ་སྐབས་འཆར་ཚེ། ༧ཁོང་ནི་ད་དུང་ཡང་བོད་དོན་དཀའ་རྙོག་སེལ་བའི་ལྡེ་མིག་གཅིག་པོ་དེ་ཡིན་པ་གཏན་ནས་བརྗེད་མི་རུང་། དེ་ལྟར་བྱས་ན་རྣམ་པ་གཉིས་ཀས་ཚེར་མས་ཁེངས་པའི་རང་སྲིད་རང་སྐྱོང་གི་གནད་དོན་ཐག་གཅོད་ཐུབ་ངེས་རེད། དངོས་གནས་བྱས་ན་དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་པོར་བཀོད་ཡོད་པ་མིན་ནམ། ངས་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུ་རྒྱུ་ཞིག་ལ། ཁྱོད་ཀྱིས་བློ་སྟོབས་ཆེན་པོས་གོམ་གང་མདུན་སྤོས་བྱེད་དགོས། དེ་ནི་ཁྱེད་ཀྱི་སྲིད་འཛིན་གྱི་དབང་ཚད་བརྟན་སྲུང་ཐུབ་རྒྱུར་ནུས་པ་ཐོན་ཐུབ་ལ། འབྱུང་འགྱུར་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་བས་མཛེས་སྡུག་ལྡན་པའི་ཕྱོགས་ལ་བསྐྱོད་ཐུབ་རྒྱུའི་གཞི་རྩའི་རྩ་དོན་ཡང་ཡིན། རྒྱ་གར་ནང་ལ་ཡང་ཁྱོད་ཀྱིས་ལས་དབང་དེར་འགྱུར་བཅོས་གཏོང་ཐུབ་པའི་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད།

ཁྱོད་ཀྱི་སྙིང་ཉེ་་བའི་ཁུ་ལུ་ཀྲི་ཨར་བྷི་ནས།

jamyang dundup varnaལྦཱཎ་མཐོ་སློབ་ནས་འཇམ་དབྱངས་དོན་གྲུབ་ཀྱིས་དབྱིན་ཡིག་ལས་བསྒྱུར།

བསྒྱུར་མཆན།  བསྒྱུར་རྩོམ་འདི་ནི་རྒྱ་གར་གྱི་ཉིན་རེའི་ཚགས་ཤོག་The pioneer  ཞེས་པ་ལས་བསྒྱུར་ཅིང་རྩོམ་པ་པོ་ནི་ཁུ་ལུ་ཀྲི་ཨར་བྷེ་(Claude Arpi) ཡིན།   ཁོང་ནི་ཕྱི་ལོ་༡༩༤༩ ལོར་ཧྥ་རན་སིར་འཁྲུངས་ཤིང་༡༩༧༥ ལོར་མཐོ་སློབ་མཐར་ཕྱིན་ནས། རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་དུ་བསྡད་དེ་བོད་དོན་ཉམས་ཞིབ་དང་འབྲེལ་བའི་ལས་ཀ་བྱེད་བཞིན་ཡོད།   ཁོང་གིས་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་བྲིས་ཏེ་རྒྱ་གར་གྱི་ཉིན་རེའི་ཚགས་ཤོག་མང་པོའི་ནང་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད།

Share this:
༡༢༠ ཀློག་གྲངས།