སུད་སི་རི་གོན་དུ་མཆོད་འབུལ་སྨོན་ལམ་འཚོགས་པ།

siwiss_6_4_2012ཕྱི་ཟླ་༤ ཚེས་༦ ཉིན་སུད་སིིར་ཡོད་པའི་ས་གནས་རི་གོན་དང་། ཐུར་བེན་ཐལ་ཚོགས་ཆུང་ནས་གོ་སྒྲིག་ཞུས་ཐོག་བོད་གཞིས་བྱེས་གཉིས་སུ་གནས་པའི་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུ་ཆེད་ཕྱི་དྲོ་ཆུ་ཚོད་༥།༣༠ ནས་༨།༠༠ བར་སུད་སི་རི་གོན་ཚོགས་ཁང་དུ་རྟེན་

མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་དང་འབྲེལ་མཆོད་འབུལ་སྨོན་ལམ་ཞུས་ཡོད་པ་རེད།

siwiss1_6_4_2012དེ་ཡང་ས་གནས་ནས་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ཟླ་༤ ཚེས་༦ ཕྱི་དྲོ་ཆུ་ཚོད་༥།༣༠ ནས་ ༨།༠༠ བར་རི་གོན་ཚོགས་ཁང་དུ་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་འབུལ་གཤོམ་དང་འབྲེལ།  མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རི་གོན་དགོན་པའི་དགེ་འདུན་པ་ཞལ་གྲངས་བཅུ་ཙམ་དང་། བོད་མི་མང་སྤྱི་འཐུས་ཟུར་པ་གཉིས།  མི་མང་བརྒྱ་ཕྲག་ཁ་ཤས་བཅས་མཉམ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས།  མཆོད་འབུལ་སྨོན་ལམ་དབུ་མ་ཚུགས་གོང་རི་གོན་ཚོགས་ཆུང་གི་ཚོགས་གཙོ་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ཀྱིས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གསལ་བཤད་གནང་རྗེས།  དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་དམར་གཞུང་གིས་བོད་མིའི་ཐོག་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བོད་མི་ཚོ་དང་། ཞི་བདེ། འགྲོ་བ་མིའི་ཐོབ་ཐང་ལ་དགའ་མོས་བྱེད་མཁན་ཚོས་བོད་ཀྱི་རང་དབང་དང་། གཞི་རྩའི་ཐོབ་ཐང་ཆེད་འཛམ་གླིང་གང་སར་རྒྱ་དམར་གྱི་སྲིད་བྱུས་ལ་མི་འདོད་བའི་ངོ་རྒོལ་གྱི་ལས་འགུལ་སྣ་མིན་སྤེལ་བར་གདུང་སེམས་མཉམ་བསྐྱེད་སྤྱི་དང་། ཡང་སྒོས་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་བཅུ་ཕྲག་ཁ་ཤས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལུས་མེར་བསྲེག་བཏང་བ། ཚེ་འདས་ཁོང་རྣམས་ཀྱི་ཆེད་དུ་སུད་སི་རི་གོན་དགོན་པའི་དགེ་འདུན་པ་དང་། མི་མང་ཚང་མས་སྐྱབས་འགྲོ་སེམས་བསྐྱེད་དང་། བཟང་སྤྱོད་སྨོན་ལམ།  སྤྱོད་འཇུག  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་སྤྱན་རས་གཟིགས་ཀྱི་བསྟོད་པ་དང་། མ་ཎི་ཡིག་དྲུག་སོགས་གཟུངས་སྔགས་གང་མང་བསགས། མཇུག་ཏུ་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུངས་ནས་མཆོད་འབུལ་སྨོན་ལམ་ལེགས་གྲུབ་བྱུང་ཡོད་པ་རེད།།

Share this:
༨༨ ཀློག་གྲངས།