པཱ་ཀི་ས་ཐན་གྱི་སྲིད་འཛིན་རྒྱ་གར་ལ་གཟིགས་སྐོར་དུ་ཕེབས།

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། པཱ་ཀི་ས་ཐན་གྱི་སྲིད་འཛིན་ཨ་སི་ཧྥ་ཨ་ལི་ ཛར་ཌ་རི་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གཉིས་རྒྱ་གར་རྒྱལ་ས་ལྡི་ལིར་ཟླ་འདིའི་ཚེས་༨ མཇལ་འཕྲད་བྱས་པ་ཡོད་པ་དང་། གཟིགས་སྐོར་འདི་པཱ་ཀི་སི་ཐན་གྱི་མཐོ་རིམ་དཔོན་རིགས་ཤིག་རྒྱ་གར་ནང་ཕེབས་པ་ལོ་བདུན་ནང་ཐེངས་དང་པོ་ཆགས་ཡོད་པ་རེད།

རྒྱལ་ཁབ་འདི་གཉིས་ཀྱི་དབུ་ཁྲིད་གཉིས་ཀས་ཕན་ཚུན་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་བརྗོད་རེས་བྱས་ཤིང་། སྲིད་འཛིན་ཛར་ཌ་རིས་རྒྱ་གར་སྲིད་བློན་ཡང་པཱ་ཀི་ས་ཐན་ལ་གཟིགས་སྐོར་ཕེབས་པར་མགྲོན་འབོད་བྱས་ཡོད་པ་དང་། མན་མོ་ཧན་སིང་ཕྱོགས་གཉིས་ཀར་སྟབས་བདེ་བའི་དུས་ཤིག་ལ་པཱ་ཀི་ས་ཐན་དུ་ལྟ་སྐོར་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་ཅེས་སྲིད་བློན་གྱི་ལས་ཁུངས་ནས་ལན་འདེབས་བྱས་ཡོད་པ་རེད།

དབུ་ཁྲིད་འདི་གཉིས་ཀྱི་ཆུ་ཚོད་ཕྱེད་ཀའི་རིང་རྒྱལ་ཁབ་ཁག་གཉིས་ཀྱི་གནད་དོན་ཐོག་གླེང་མོལ་བྱས་ཡོད་ཅིང་། ཕྱོགས་གཉིས་ཀས་ཕན་ཚུན་མཐུན་ཕྱོགས་ཀྱི་རྣམ་འགྱུར་ཧ་ཅང་ལེགས་པོ་སྟོན་རེས་ཐོག་གནད་དོན་ཁག་ལ་གྲུབ་འབྲས་ཐོན་པའི་ཐབས་ལམ་འཚོལ་ཞིབ་བརྒྱུད། དངོས་དོན་ལག་བསྟར་བྱེད་རྒྱུར་གཉིས་མོས་བྱུང་ཡོད་པ་རེད།

པཱ་ཀི་ས་ཐན་གྱི་སྲིད་འཛིན་གྱིས་ང་ཚོས་རྒྱ་གར་དུ་འབྲེལ་ལམ་དམ་ཟབ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། རྒྱ་གར་གྱི་སྲིད་བློན་ཁོང་པཱ་ཀི་ས་ཐན་གྱི་ས་ཐོག་ཏུ་མཇལ་བའི་སྨོན་འདུན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་དང་། ཛར་ཌ་རིའི་གཟིགས་སྐོར་ནི་རྡུལ་ཕྲན་མཚོན་ཆ་ལྡན་པའི་རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་ལམ་གྱི་དཀྱོག་མཚམས་ཤིག་ནས་བྱུང་ཡོད་པ་རེད།

གཞུང་འབྲེལ་གྲོས་མོལ་ཟིན་རྗེས་པཱ་ཀི་ས་ཐན་གྱི་སྲིད་འཛིན་རྒྱ་གར་རཱ་ཇ་ས་ཐན་གྱི་མངའ་སྡེའི་ནང་ཡོད་པའི་རྣལ་འབྱོར་བ་སུ་ཧྥི་ཡི་ལྷ་ཁང་ལ་གཟིགས་སྐོར་ལ་ཕེབས་ཡོད་པ་དང་། གཟིགས་སྐོར་འདི་པཱ་ཀི་ས་ཐན་གྱིས་རྒྱ་གར་ལ་ཚོང་འབྲེལ་གྱི་གནས་སྟངས་ཡར་རྒྱས་ཡག་ཤོས་གཏོང་རྒྱུར་ཁས་ལེན་བྱས་རྗེས་ཡིན་པ་རེད།

སྔོན་རྒྱལ་ཁབ་གཉིས་པོས་ཀ་ཤིསྨིར་གྱི་ས་ཆའི་བདག་དབང་གི་དོན་དུ་དམག་ཐེངས་གསུམ་བརྒྱབ་ཡོད་མོད། འདས་ལོར་རྒྱལ་ཁབ་གཉིས་ཀས་ཆག་གྲུམ་རང་བཞིན་གྱི་ཞི་བའི་གྲོས་མོལ་འདི་ཉམས་ཆག་མི་ཡོང་བའི་དམ་བཅས་པ་རེད།

ཛར་ཌར་དང་སཱེང་གཉིས་ཀྱིས་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་ཚོགས་འདུ་འདིར་༢༠༠༨ ལོའི་ཞི་བའི་གྲོས་མོལ་ཐེངས་བཞི་པའི་གྲོས་ཆོད་ནས་འགོ་ཚུགས་བྱས་ཏེ། བགྲོ་གླེང་བྱས་ཡོད་པ་རེད། མི་མང་གིས་བསམ་ཚུལ་ཕྱོགས་བསྡོམས་ནང་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་ཚོགས་འདུ་དེ་སེམས་འགུལ་ཐེབས་པ་བྱུང་ཡོད་སྐོར་བརྗོད་ཡོད་པ་རེད།

པཱ་ཀི་ས་ཐན་གྱི་སྲིད་འཛིན་སྒེར་གྱི་གཟིགས་སྐོར་གྱི་ཉིན་གུང་གསོལ་སྟོན་རྒྱ་གར་སྲིད་བློན་མཆོག་ནས་གྲ་སྒྲིག་བྱས་ཤིང་། ཕེབས་བསུ་ཟབ་རྒྱས་འདི་དགའ་བསུ་ཞུ་འོས་པའི་གནད་དོན་ཞིག་རེད་ཅེས་སྲིད་ཇུས་ཉམས་ཞིབ་པ་ཨུ་དྷེ་བྷ་ས་ཀར་གྱིས་བརྗོད་ཡོད་པ་རེད།།

Share this:
༩༩ ཀློག་གྲངས།