མི་རིགས་ཤིག་ག་འདྲ་ཡོང་མིན་དེ་སྐྱེད་མ་ཚོ་ལ་རགས་ལས་ཡོད།

twa1_11_4_2012དེ་རིང་ཞོགས་པ་དྷ་ཤོད་བོད་ཁྱིམ་སློབ་གྲྭར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༠ པ་དབུ་འབྱེད་མཛད་སྒོ་ཞིག་འཚོགས་པ་དང་། ཉིན་༦ རིང་མ་འོངས་བོད་ཀྱི་རྩ་དོན་ཆེད་ལས་དོན་བྱེད་ཕྱོགས་དང་བུད་མེད་ཚོའི་ནུས་པ་གོང་མཐོར་གཏོང་ཕྱོགས་སོགས་ཀྱི་ཐད་ནས་བགྲོ་གླེང་བྱས་ཏེ་གྲོས་ཆོད་གཏན་འབེབས་བྱ་རྒྱུ་ཡིན་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་དྷ་སའི་ཉེ་འདབས་སུ་ཡོད་པའི་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༠ པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཙུན་མའི་ལས་འཆར་གྱི་འགན་འཛིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག གཞན་ཡང་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་མི་གྲངས་༢༠༠ བརྒལ་བ་མཉམ་འཛོམས་ཀྱིས། མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མས་སྐུ་བཞེངས་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས། སྐུ་མགྲོན་གཙོ་བོ་རྣམ་གཉིས་ཀྱིས་སྣང་གསལ་མར་མེའི་ཞལ་འབྱེད་གནང་སྟེ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་།

samdhong_11_4_2012དེ་ནས་སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་དོན། “འགྲོ་བ་མའི་སྤྱི་ཚོགས་ཀྱི་ནང་ལ་སྐྱེས་པ་དང་བུད་མེད་ཟེར་བ་དེ། མེད་དུ་མི་རུང་བའི་འདྲ་མཉམ་གྱི་ཆ་ཤས་ཤིག་དང་། ཆོས་དང་འཇིག་རྟེན་སྤྱི་ཚོགས་གང་ཡིན་ཡང་དེ་ལ་བརྟེན་ནས་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་ལྟ་བུར་མཚོན་ན། སྔ་རབས་ནས་སྐྱེས་པ་དང་བུད་མེད་དཔུང་པ་མཉམ་གཤིབ་བྱས་ནས་ཡོང་བ་རེད། འཇིག་རྟེན་འདིའི་ཡུལ་ལུང་ཁ་ཤས་ཤིག་གི་ནང་ལ་སྐྱེས་པ་དང་བུད་མེད་ལ་དབྱེ་བ་ཡོད་པ་རེད། ཡིན་ན་ཡང་བོད་དུ་འགྲོ་བ་མིའི་བྱུང་རབས་ཆགས་པ་ནས་བཟུང་། ད་ལྟའི་བར་ཕོ་མོ་འདྲ་མཉམ་མིན་པ་དང་བུ་མོ་ལ་གཉའ་གནོན་བྱས་པའི་བྱུང་རབས་མེད་པ་རེད། ལྷག་པར་དུ་ཆོས་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། སྟོན་པ་བཅོམ་ལྡན་འདས་ཀྱིས་ག་དུས་ཡིན་ན་ཡང་། ཆོས་གསུངས་པའི་སྐབས་སུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞེས་གཉིས་ཀ་མཉམ་དུ་གསུངས་པ་མ་གཏོགས། རིགས་ཀྱི་བུ་རྐྱང་པ་ལ་གསུངས་པ་ཞིག་དང་། རིགས་ཀྱི་བུ་མོ་རྐྱང་པ་ལ་གསུངས་པ་ཞིག་ཧ་ལམ་སངས་རྒྱས་ཀྱི་བཀའི་ནང་ལ་མཇལ་རྒྱུ་ཡོད་མ་རེད། སངས་རྒྱས་སྟོང་འཇིག་རྟེན་ལ་བྱོན་པའི་སྐལ་པ་བཟང་པོ་འདིའི་ནང་ལ། སངས་རྒྱས་རང་རང་སོ་སོའི་མཛད་པ་མི་འདྲ་བ་མང་པོ་ཡོད་རེད། ཡིན་ན་ཡང་འཁོར་རྣམ་པ་བཞི་དགོས་པ་ཚང་མ་ལ་གཅིག་མཚུངས་རེད། དགེ་སློང་མའི་དགེ་འདུན་མ་ཚོགས་པ་ཡིན་ན་འཁོར་རྣམ་པ་བཞི་ཚང་གི་ཡོད་མ་རེད། དེར་བརྟེན། ནང་པའི་ཆོས་ཀྱི་ཐོག་ནས་བལྟས་པ་ཡིན་ན། བུད་མེད་ཀྱི་སྤྱི་ཚོགས་དེ་ཆབ་སྲིད་དང་སྤྱི་ཚོགས་ཙམ་མ་ཡིན་པར་ཆོས་ཕྱོགས་ལ་ཡང་གལ་ཆེན་པོ་རེད”་ཅེས་གསུངས་སོང་།

ཡང་ཁོང་གིས་“ད་རེས་ངས་གོ་སྐབས་འདི་བརྒྱུད་ནས་གཞིས་བྱེས་ཡོངས་ཀྱི་བོད་ཀྱི་བུད་མེད་ཚོ་ལ་འབོད་སྐུལ་ཞིག་ཞུ་འདོད་བྱུང་། གང་ཡིན་ཟེར་ན། བུད་མེད་དེ་མི་རིགས་ཤིག་ག་འདྲ་བསྐྲུན་དང་མི་བསྐྲུན་གྱི་གཞི་རྩ་ཆགས་བསྡད་ཡོད་པ་རེད། སྟོང་ཉིད་རྟོགས་པའི་ཤེས་རབ་ལ་རྒྱལ་བའི་ཡུམ་ཞེས་བཏག་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། སངས་རྒྱས་དང་ཉན་ཐོས་དང་། རང་སངས་རྒྱས། བྱང་ཆུབ་སེམས་དཔའ་ག་འདྲ་ཞིག་ཡིན་ན་ཡང་། ཐོག་མའི་སྐྱེ་བ་བཞེས་ས་དེ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པའི་རྒྱུ་མཚན་གྱིས། སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཡུམ་ཞེས་གསུངས་ཀྱི་ཡོད་པ་བཞིན། འཇིག་རྟེན་གྱི་མི་རིགས་ཤིག་ལ་མཚོན་ན་མི་རིགས་དེ་རླབས་ཆེན་ཞིག་ཡོང་མིན་དེ་སྐྱེད་མ་ཚོ་ལ་རགས་ལས་ཡོད་པ་རེད། མ་འོངས་པར་སྔོན་བྱོན་གྱི་མཁས་པ་དེ་ཚོ་ནང་བཞིན་རླབས་ཆེན་གྱི་སྙིང་སྟོབས་དང་། ཤེས་རབ་ཡོད་པའི་ན་གཞོན་མང་པོ་ཡོང་ཆེད། གཞོན་སྐྱེས་ཨ་མ་དེ་ཚོས་སྦྲུམ་མའི་གནས་སྐབས་དང་བྱིས་པའི་གསོ་སྐྱོང་གི་ཐོག་ལ། དམིགས་བསལ་གྱི་ཐུགས་སྣང་བཞེས་རོགས་ཞེས་འབོད་སྐུལ་དང་སྦྲགས།  དེང་སང་བོད་ནང་ལ་ཆ་བཞག་ན་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་དུ་ཡོད་པ་ཚོས་དེ་དང་བསྟུན་ནས། ག་རེ་གནང་རྒྱུ་ཡོད་ དེ་ཞུ་རྒྱུ་ཞེ་དྲག་ཁག་པོ་རེད། འཇིག་རྟེན་སྤྱིའི་གནས་བབ་དང་རྒྱ་ནག་གི་གནས་བབ་མང་པོ་ཞིག་ལ་དགོངས་པ་བཞེས་ནས་བལྟ་དགོས་དུས། ད་ལྟའི་དུས་ཚོད་དེ་འགོ་འཐོམ་པའི་དུས་ཚོད་ཅིག་དང་། རྙོག་འཛིངས་ཆེ་བའི་དུས་ཚོད་ཅིག་རེད། སྐབས་དེ་ལ་བློ་གྲོས་གསལ་པོ་ཡོད་པའི་མཛངས་མ་དེ་ཚོས། གསར་བཏོད་དང་ལམ་སྟོན་ཆེན་པོ་གནང་ཐུབ་པའི་རེ་བ་ཡོད”་ཅེས་གསུངས་སོང་།

rinchen khado_11_4_2012དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་“བུད་མེད་ཚོགས་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་གང་ཅིས་ཐོག་ལ། ཕྱག་ལས་མང་པོ་བྱས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐད་ལ་ཞབས་འདེགས་བླ་ན་མེད་པ་ཞུས་ཡོད་རེད། དེ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། ཡིན་ན་ཡང་ང་ཚོེ་བུད་མེད་ཚོར་སྔར་ལས་ལྷག་པའི་ལས་ཀ་མང་པོ་ཞིག་བྱ་རྒྱུ་ལྷག་ཡོད་རེད་བསམ་གྱི་ཡོད། དཔེར་ན། བུད་མེད་ཚོས་སོ་སོའི་ཁྱིམ་ཚང་དེ་སྤུས་དག་པོ་བཟོ་དགོས་ཀྱི་ཡོད་རེད། གང་ཡིན་ཟེར་ན། རྒྱལ་ཁབ་ཅིག་ཡག་པོ་ཡོང་བ་དེ་སྤྱི་ཚོགས་ཡག་པོ་ཡོང་རྒྱུར་རགས་ལས་ཡོད་པ་དང་། སྤྱི་ཚོགས་ཤིག་ཡག་པོ་ཡོང་བ་དེ་ཁྱིམ་ཚང་ཞིག་ཡག་པོ་ཡོང་རྒྱུར་རགས་ལས་ཡོད་རེད། དེར་བརྟེན། བུད་མེད་ཚོས་སོ་སོའི་ཁྱིམ་ཚང་དེ་སྤུས་དག་པོ་བཟོས་པ་ཡིན་ན། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འགན་ཁུར་བླངས་པ་རེད། ང་ཚོས་ལས་ཀ་གང་བྱེད་པ་ཡིན་ན་ཡང་ཕྱི་གསལ་ནང་གསལ་དང་། ལས་ཀ་ཞིག་བྱས་པ་ཙམ་གྱིས་མི་འགྲིག་པར། ལས་ཀ་དེས་གྲུབ་འབྲས་ཡག་པོ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། ལས་ཀ་གང་བྱས་པ་ཡིན་ན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བྱ་དགོས་ཀྱི་ཡོད་རེད་མ་གཏོགས། སོ་སོ་ལ་གཏམ་སྙན་གྲགས་ཡོང་ཆེད་དུ་ལས་ཀ་འདྲ་མིན་བྱས་ན་ཕན་ཐོག་གི་མ་རེད་”ཅེས་གསུངས་སོང་།

twa1_11_4_2012

དེ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོི་ལས་ཚབ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་གནང་བ་དང་། དེའི་ནང་འཁོད་དོན། ཕྱི་ལོ་༡༩༥༩ ནས་བཟུང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས། བོད་ཀྱི་རྩ་དོན་འཐབ་རྩོད་ལ་འགན་ཁུར་གྱིས་རྒྱལ་སྤྱིའི་ཐོག་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ལྷག་པར་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་།  ཆུང་སྲིད་པན་ཆེན་རིན་པོ་ཆེའི་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཆེད། ལས་རིམ་འདྲ་མིན་གྱི་ཐད་ནས་ནུས་ཤུགས་གང་ཡོད་ཀྱིས་འགན་ཁུར་ཡོད་ཅེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་བྱས་པའི་བརྒྱུད་རིམ་སྐོར་འཁོད་ཡོད་པ་རེད། །

ཉིན་༦ གི་རིང་འཚོག་རྒྱུའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་འདིར་ས་གནས་ཁག་༣༣  ནས་ཚོགས་བཅར་བ་མི་གྲངས་༡༣༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད།།

Share this:
༦༦ ཀློག་གྲངས།