རྔ་པ་ཨ་འདུས་སྡེ་བའི་མི་མང་ལ་རྨས་སྐྱོན་ཚབས་ཆེན།

རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་སྟོད་ཨ་འདུས་སུ་མི་མང་ལ་གཅར་རྡུང་དང་འཛིན་བཟུང་བྱས་བཀག་ཉར་བྱས་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྔ་པའི་སྨན་ཁང་དུ་ཡོད་པའི་བོད་མི་རྨས་མ་རྣམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་སྟོད་ཨ་འདུས་སུ་མི་མང་གཅར་རྡུང་དང་འཛིན་བཟུང་བྱས་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྔ་པའི་སྨན་ཁང་དུ་ཡོད་པའི་བོད་མི་རྨས་མ་རྣམས་ཀྱི་གནས་སྟངས་རྒྱུས་ལོན་བྱས་པར། ཉིན་དེར་ཤེས་རྟོགས་བྱུང་བར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་གིས་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་ཉལ་ཡོད་པའི་རྨས་མ་ཧ་ཅང་མང་པོ་ཡོད་པ་དང་། དེ་སྔོན་སྨན་ཁང་དུ་ཡོད་པའི་ནད་པ་ཚབས་ཆེན་རིགས་མ་གཏོགས་ཚང་མ་གནས་སྐབས་རིང་སོ་སོའི་ནང་ནས་ནད་གསོ་བྱེད་དགོས་ཚུལ་བརྗོད་དེ་སྨན་ཁང་ནས་བཏང་ཡོད་འདུག

དེ་ནི་ཉིན་དེར་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་པའི་རྨས་མ་མང་དྲག་ནས་ནད་པའི་ཉལ་ཁང་མ་འདང་བ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

དེའི་ནང་དུ་རྨས་སྐྱོན་ཚབས་ཆེན་ཕོག་པ་སློབ་དཔོན་སྐྱབས་ལ་ཀླད་ཁྲག་བསྲེས་ཡོད་པ་དང་།
མཐའ་བའི་རྒྱམ་ཁོ་དང་གཅོང་བའི་རྡོ་རྗེ་གཉིས་ཀྱི་རྐང་ལག་གཉིས་རེ་བཅག་ཡོད་ཅིང་། སྒོ་མང་ཞང་གི་རྡོ་རྗེར་རྨས་སྐྱོན་ཕོག་པ་ཧ་ཅང་ལྕི་བར་བཤད་ཀྱང་ཅི་ཞིག་རྨས་ཡོད་མེད་གསལ་པོ་ཤེས་རྟོགས་མ་བྱུང་། སྨན་ཁང་དུ་ནད་འདྲིར་སོང་བ་རྣམས་ཀྱང་ཐག་ཉེར་བཅར་མི་འཇུག་པར་དམག་མིས་སྲུང་བྱ་དམ་པོའི་འོག་བཞག་ཡོད་འདུག

དེ་མིན་འཛིན་བཟུང་བྱས་པའི་གྲས་ནས་གསར་དུ་ཤེས་རྟོགས་བྱུང་བ། འཕེ་ཥེའི་སྐར་ཁོ་དང་། ཨ་འདུས་མཐའ་བའི་བསོད་པོ། ཨ་འདུས་མཐའ་བའི་སངས་ཆུང་གསུམ་ཉིན་དེར་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

དེང་སྐབས་ཨ་འདུས་དགོན་གྲོང་ཚང་མར་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དུས་ངེས་མེད་དུ་སྐོར་སྲུང་དམ་པོ་བྱས་ཏེ་མི་མང་གི་འགྲོ་འདུག་ཙམ་ཡང་རང་དབང་མེད་པའི་འཇིགས་སྣང་འོག་གནས་ཡོད་པ་རེད།

མི་མང་གིས་བཤད་དོན། དྲང་བདེན་གྱི་བསམ་ཚུལ་ཙམ་བཤད་པར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་དང་ལས་འགུལ་སྤེལ་རྒྱུའི་བསམ་བློ་འདུག་ཚུལ་ལ་ཁ་གཡར་ནས་འཆར་གཞི་ཡོད་པའི་སྒོ་ནས་གཅར་རྡུང་དྲག་པོ་བཏང་བར་ཤིན་ཏུ་བློ་ཕམ་ཆེ་ཞིང་། གནས་སྟངས་འདི་འདྲའི་འོག་མི་ཚེ་འཁྱོལ་དཀའ་ཚུལ་སྡུག་སྨྲེ་འདོན་གྱི་ཡོད་པར་མ་ཟད། དེ་སྔོན་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བའི་འཁོན་སེམས་སློག་ཆེད་ལྟ་བུར་ཁ་གཡར་ས་ཞིག་བཙལ་ནས་མི་མང་གི་མགོ་འཇོག་ས་མེད་པ་ཞིག་བཟོ་སེམས་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག །

Share this:
༢༧ ཀློག་གྲངས།