ལྡི་ལི་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་བོད་བསྟན་སྲིད་ཞབས་རིམ།

འབྲས་སྤུངས་སྔགས་པ་གྲྭ་ཚང་འདི་བཞིན་སྔར་རྭ་ལོ་ཙྭ་བས་ཕྱག་བཏབ་གནང་བའི་གྲྭ་ཚང་ཞིག་ཡིན་པའི་ལོ་རྒྱུས་ཡོད་པ་དང་། བརྒྱུད་རིམ་དེའི་རིང་ནང་ཆོས་དང་འབྲེལ་བའི་འཕེལ་རིམ་ལོ་རྒྱུས་ཀྱི་བརྒྱུད་ལམ་ཀྱག་ཀྱོག་མང་པོ་ཅི་འདྲ་ཞིག་བྱུང་ཡང་། ད་ལྟའི་བར་དགོན་པའི་མཚན་གནས་རྒྱུད་འཛིན་རང་སོར་གནས་ཐུབ་པ་བྱུང་ཡོད།

སྤྱི་ལོ་༡༩༥༩ ལོར་རྒྱ་ནག་གུང་ཁྲན་པས་བོད་ས་ཡོངས་རྫོགས་དམར་པོའི་ལམ་ལུགས་འོག་དབང་བསྒྱུར་བྱས་ཡོད་ཅིང་། རང་ཅག་བོད་འབངས་ཡོངས་ཀྱི་མགོན་སྐྱབས་གཅིག་པུ་༧སྤྱི་ནོར་གོང་ས་ཡིད་བཞིན་ནོར་བུ་གཙོས་བོད་མི་མི་ཉུང་བ་ཞིག་རྒྱ་གར་འཕགས་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་དགོས་གྱུར་པ་རེད། འོན་ཀྱང་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་མི་སྐྱབས་བཅོལ་དབུས་འཛིན་སྐྱོང་བསྟི་གནས་གསར་འཛུགས་དང་གདན་ས་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད། གཞན་ཡང་ས་སྐྱ་བཀའ་རྙིང་བོན་དང་བཅས་པས་གྲྭ་ཚང་དང་དགོན་སྡེ་དག་གཅིག་མཚུངས་ཀྱིས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སོར་ཆུད་གསར་གཞེངས་གནང་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་འབྲས་སྤུངས་སྔགས་པ་གྲྭ་ཚང་འདི་བཞིན་གསར་གཞེངས་གནང་སྟེ་མི་ལོ་མང་པོ་ཕྱིན་ཟིན་པ་རེད། ང་ཚོ་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་ངོས་ནས་ལོ་ལྟར་དམིགས་བསལ་གྱིས་༧གོང་ས་ཡིད་བཞིན་ནོར་བུ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་གསལ་ཐབས་དང་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་ཐབས་སོགས་ཀྱི་ཆེད་དུ་དམིགས་ཏེ། བོད་ཟླ་དང་པོའི་ཚེས་བདུན་ནས་ཚེས་བཅུ་བཞི་བར་བོད་སྐྱོང་གི་ལྷ་སྲུང་མགོན་ཆོས་རྣམ་གསུམ་དང་། སྲུང་མ་དམར་ནག་གཉིས་ཀྱི་བསྐང་གསོ་རྒྱས་འབུལ་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་ཡོད། བོད་ཚེས་བཅོ་ལྔ་ཉིན་བཅོ་ལྔ་མཆོད་པའི་ཆོ་ག་བསྒྲིགས་བཤམས་དང་ཚོགས་འཁོར་རྒྱུད་འབུལ། བོད་ཟླ་གཉིས་པའི་ནང་ལོ་ལྟར་གཡང་སྒྲུབ་སོགས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། བོད་ཟླ་བཞི་བ་ས་ག་ཟླ་བའི་ནང་ཡུམ་རྒྱས་འབྲིང་བསྡུས་གསུམ་དག་སྒྲོགས་དང་། ༧རྒྱལ་བའི་ཞབས་རིམ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།

དེ་བཞིན་བོད་སྒར་མི་མང་དང་མཉམ་དུ་༧རྒྱལ་བའི་ཞབས་རིམ་སྒྲུབ་བཞིན་ཡོད། མང་ཚོགས་དང་འབྲེལ་བའི་ཞབས་རིམ་སྒྲུབ་དགོས་ཁག་ཀྱང་འབྲེལ་ཡོད་དད་ལྡན་སྦྱིན་བདག་ཁག་གིི་རྐྱེན་སེལ་རིམ་གྲོ་སྒྲུབ་དགོས་ཁག་ནུས་ཚོད་ལྕོགས་ཚོད་ཀྱི་སྒྲུབ་བཞིན་ཡོད། ལྷག་དོན་དུ་འདི་ལོ་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་སྔར་ལུགས་གཞིར་བཟུང་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་འཇུག་ཆེན་མོ་འཚོགས་ཐུབ་པ་བྱུང་བ་འདི་ནི་ལོ་མང་རིང་ལྡི་ལི་ལཱ་ཤི་མི་ན་གྷར་དུ་ཡོད་པའི་འབྲས་བློ་གླིང་བྱང་ཆུབ་ཆོས་གླིང་གི་དགེ་འདུན་པས་ཆོ་འཕྲུལ་སྨོན་ལམ་ཚོགས་སྐབས། ལོ་ལྟར་ཕྱར་གྲུ་མཉམ་འདེགས་གནང་བ་དང་འདི་ལོར་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་འཇུག་ཆེན་མོ་ཚོགས་སྐབས་ཀྱང་རམ་འདེགས་གནང་སོང་། སྔགས་པ་གྲྭ་ཚང་གི་ངོས་ནས་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་སྐབས་འདི་གའི་འབྲེལ་ཡོད་དགོན་སྡེ་ཁག་ལ་ཚོགས་བརྡ་གཏོང་བཞིན་ཡོད། ཡིན་ནའང་གོང་ཞུས་ལྟར་འབྲས་བློ་གླིང་དགེ་འདུན་པ་དང་། ལ་དྭགས་བྷོ་ཧར་དགོན་ནས་དགེ་འདུན་པ་འགའ་ཤས་ཕེབས་སོང་བས་ཐུགས་རྗེ་ཆེ། འདི་གའི་གྲྭ་ཚང་གིས་སྐུ་སྒེར་ཡིག་ཚང་ལ་ཞུ་བ་སྔོན་ཕུལ་ལྟར་འདི་ལོ་༢༠༡༢ སྤྱི་ཟླ་༣ ཚེས་༨ དང་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་རྣམ་གྲྭའི་མཁན་ཟུར་བྱ་དོ་རིན་པོ་ཆེ་ལྡི་ལི་འབྲས་སྤུངས་སྔགས་པ་གྲྭ་ཚང་དུ་ཕེབས་ཏེ། ཞོགས་པ་ཆུ་ཚོད་དགུ་པའི་ཐོག་དབུ་འཛུགས་ཀྱི་དད་ལྡན་སེར་སྐྱ་མི་མང་རྣམས་ལ་ནང་ཆོས་དང་འབྲེལ་བའི་བླང་དོར་བཀའ་སློབ་ཟབ་མོ་གནང་ཡོད་པ་དང་། ལྷ་སྲུང་བསྟེན་ཕྱོགས་སྐོར་དོལ་རྒྱལ་བསྟེན་གསོལ་གནང་མི་རུང་བའི་བཀའ་སློབ་རྒྱས་པ་གསུངས་གནང་སོང་བས་འབྲས་སྔགས་གྲྭ་ཚང་གི་དགེ་འདུན་པ་གཙོས་པའི་ཆོས་ཞུ་བ་སེར་སྐྱ་མི་མང་རྣམས་དགའ་མགུ་ཡི་རངས་བྱུང་། དེ་བཞིན་དད་ལྡན་སེར་སྐྱ་མི་མང་རྣམས་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཚེ་དབང་ཟབ་མོ་གནང་བ་དང་ཆབས་ཅིག དགོང་མོར་བཅོ་ལྔ་མཆོད་པའི་ཚོགས་འཁོར་སྐབས་རིན་པོ་ཆེ་དབུ་གཞུགས་གནང་ཡོད། ཕྱི་ཉིན་བོད་ཚེས་བཅུ་དྲུག་ཉིན་རྣམ་གྲྭའི་མཁན་ཟུར་བྱ་དོ་རིན་པོ་ཆེ་དབུ་གཞུགས་ཐོག་ནས་༸གོང་ས་མཆོག་སྐུ་ཚེ་བརྟན་པ་དང་བོད་དོན་བདེན་མཐའ་གསལ་བ་སོགས་ལ་དམིགས་ཏེ་བོད་སྐྱོང་གི་ལྷ་སྲུང་མགོན་ཆོས་རྣམ་གསུམ་དང་། སྲུང་མ་དམར་ནག་གཉིས་སོགས་ཀྱི་བསྐང་གསོ་རྒྱས་འབུལ་ཞུས་ཐུབ་པ་བྱུང་སོང། དེ་ལྟར་བོད་ནང་དུ་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེག་བཏང་སྟེ་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་པར་ཤོག་ཟེར་བའི་རེ་འབོད་དང་བཅས་ཏེ་བོད་མི་མང་པོོའི་ཚེ་སྲོག་ཤོར་བ་དེ་དག་གི་ཆེད་དུ་རྒྱུན་ལྡན་ནས་ནུས་ཚོད་ཅིག་བསྔོ་སྨོན་མཆོད་འབུལ་ཞུ་དང་ཞུ་བཞིན་པ་ཡིན་། ཁ་སང་ནས་ད་ལྟའི་བར་སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ་ཚེ་མདོ་གཟུངས་དང་སྒྲོལ་མ་གང་མང་གྲངས་གསོག་བསྒྲུབས་ཞུས་ཡོད། ཉེ་ལམ་འདི་ཕྱོགས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་མཁན་ཁམས་རྟའུ་དཔའ་བོ་འཇམ་དཔལ་ཡེ་ཤེས་སོགས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་གང་ཐུབ་ཅི་ཐུབ་ཞུས་བཞིན་པ་ཡིན།

ཡིན་ན་ཡང་ཉེ་ལམ་འདི་ཕྱོགས་ཀྱི་སྤྱི་ཚོགས་སུ་མི་རེ་འགས་ལྡི་ལི་འབྲས་སྤུངས་སྔགས་པ་གྲྭ་ཚང་འདི་བཞིན་གྲྭ་ཚང་གཞན་པ་ཞིག་ལ་ཕུལ་ཟིན་པ་རེད་ཟེར་བ་སོགས་ཀྱི་གཏམ་འཆལ་མགོ་མ་ཚོས་པའི་ཟ་ངེ་ཟིང་ངེ་ཞིག་ཡོང་གི་འདུག་པ་དེ་དག་ནི་སྲང་ལམ་བར་གྱི་བདག་མེད་སྐད་ཆ་རང་རེད། སྔགས་པ་གྲྭ་ཚང་འདི་གྲྭ་ཚང་སུ་གང་ལ་ཕུལ་ཟིན་མེད། རྒྱུ་མཚན་ནི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གྱི་ཡ་གྱལ་འབྲས་སྤུངས་བླ་སྤྱིའི་ཁྱབ་ཁོངས་སུ་གནའ་སྔ་མོ་གྲྭ་ཚང་བརྒྱད་ཙམ་ཡོད་པའི་ལོ་རྒྱུས་ཡོད་ཀྱང་། དེང་སང་གྲྭ་ཚང་བཞི་ཡོད་པ་རེད། བཞི་ནི་འབྲས་བློ་གླིང་གྲྭ་ཚང་དང་འབྲས་སྒོ་མང་གྲྭ་ཚང་། འབྲས་བདེ་ཡང་གྲྭ་ཚང་། འབྲས་སྔགས་པ་གྲྭ་ཚང་བཅས་ཡིན། དེ་ནང་ནས་འབྲས་སྤུངས་སྔགས་པ་གྲྭ་ཚང་འདི་གྲྭ་ཚང་བཞི་ཡི་ཡ་གྱལ་ཞིག་ཏུ་གྱུར་ཡོད་པ་ཞིག་ལས་སྔར་ནས་ད་བར་གྲྭ་ཚང་གཞན་སུ་གང་གི་ཆ་ཤས་དང་ཁོངས་གཏོགས་སུ་མེད་པ་གསལ་པོ་མཁྱེན་དགོས་པ་ཞིག་ཆགས་ཡོད། མ་འོངས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ནང་པ་སངས་རྒྱས་པའི་ཆོས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་འབྲས་སྔགས་པ་གྲྭ་ཚང་འདི་གཞིན་རང་ཚུགས་ཟིན་མ་ཐུབ་པའི་གནས་སྟངས་ཤིག་ཆགས་མི་སྲིད་པའི་སེམས་སྤོབས་དང་ཡིད་ཆེས་ཡོད། གལ་ཏེ་མ་འོངས་པར་སྔགས་པ་གྲྭ་ཚང་འདི་གཞིན་རང་རྐང་མི་འཕེར་བས་གནས་སྟངས་ཐབས་སྐྱོ་བོ་ཞིག་འཕྲད་ཚེ། སྐབས་དེར་འབྲེལ་ཆགས་འབྲས་སྤུངས་བླ་སྤྱི་ནས་སྟངས་འཛིན་ཅི་དགོས་ཀྱི་ཐུགས་འགན་ཆ་ཚང་བཞེས་འོས་བཞེས་བབས་ཡོད་པ་རེད་ཅེས་སེམས་ཐག་བཅད་ནས་ཞུ་རྒྱུ་ཡིན་ལ། འབྲས་སྤུངས་བླ་སྤྱི་དང་འབྲས་སྤུངས་སྔགས་པ་གྲྭ་ཚང་གཉིས་ཀྱི་བར་ལ་སྔར་ནས་དེ་ལྟར་གནང་རྒྱུའི་གན་ཡིག་ཀྱང་བཞག་ཟིན་པ་རེད། དེ་མིན་ཆོས་ཁོག་ཏུ་ཁེ་འདོད་འདྲ་ཞུགས་ཏེ་འཆལ་གཏམ་འདྲ་མིན་གསུང་མི་གནང་རོགས། རང་གཞན་ཚང་མ་ཆོས་བྱེད་ཀྱི་མི་བུ་དམ་པ་ཞིག་ཡིན་ཕྱིར་བློ་ཆོས་ལ་འགྲོ་བ་དང་ཆོས་ལམ་ལ་འགྲོ་བ་ཞིག་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།
མཐའ་དོན་དུ་༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ནི་གཞལ་དུ་མེད་པ་ཞིག་ཡིན་པས་༧གོང་ས་མཆོག་སྐུ་ཚེ་མི་ཤིག་རྡོ་རྗེའི་ཁམས་སུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་ཏེ་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏ་ལར་གང་མྱུར་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས།
ལྡི་ལི་འབྲས་སྤུངས་སྔགས་པ་གྲྭ་ཚང་གིས་༢༠༡༢ ལོའི་སྤྱི་ཟླ་༤ པའི་ཚེས་༢༣ ལ།

Share this:
༢༩༢ ཀློག་གྲངས།